སྒོའི་རྩ་བར་ འཐུང་ཆུའི་མཐུན་རྐྱེན་གཞི་བཙུགས་འབད་ཡོད་རུང་ ཆུ་འོང་ནི་མེད་པའི་མཐོང་སྣང་།

པཱམ་གཡུས་ཚན་གྱི་ འཐུང་ཆུའི་དཀའ་ངལ་ མགྱོགས་པ་ར་ སེལ་ཚུགས་ནི།

༉ ད་རེས་ནངས་པར་ བཀྲིས་སྒང་རྫོང་ཁག་ པཱམ་སྤྱི་འོག་ནང་ གེ་ཟའི་སོན་བཏབ་པའི་ དུས་ཚོད་ཨིནམ་ལས་ ཁྱིམ་ཚང་ཚུ་ གཅིག་གིས་གཅིག་གི་ཞིང་ནང་ ལཱ་བསྐོར་རྐྱབ་སྟེ་ ལཱ་འབད་བའི་ མཐོང་གསལ་བྱུངམ་ཨིན་པས།
ལཱ་བསྐོར་རྐྱབ་སྟེ་ ལྷན་ཐབས་འབད་ནི་དེ་ པཱམ་གཡུས་ཚན་གྱི་ སོ་ནམ་པ་ཚུ་གི་དོན་ལུ་ ལམ་སྲོལ་ཅིག་ཨིནམ་བཞིན་དུ་ ཚ་དྲོད་ག་དེམ་ཅིག་ར་ཡོད་རུང་ དེ་ལུ་ འཚེར་སྣང་མེད་པར་ སོ་ནམ་པ་སྡེ་ཚན་གྱིས་ ཞབས་ཁྲ་འཐེན་ཐོག་ལས་ གེ་ཟའི་སོན་བཏབ་ཨིན་པས།
ཁོང་ཆ་ཁྱབ་ འུ་སྡུགཔ་ད་ འཐུང་ནི་གི་དོན་ལུ་ ཞིང་གི་མཐའ་མར་ ཆུ་བ་ལྷགཔ་སྦེ་ ཆང་ཨ་རག་ལེ་ཤ་བཞག་ཡོདཔ་ཨིན་པས།
ཞིང་ནང་ལཱ་འབད་མི་ཚུ་ལུ་ དགའ་སྤྲོ་སྦོམ་བྱུང་ཡོད་རུང་ ས་ཞིང་གི་ཇོ་བདག་ སྐྱེས་ལོ་༥༣ ལང་མི་ བསོད་ནམས་རྒྱལ་མཚན་དེ་ ཚ་གྱང་ལང་ནུག།
ཁོ་གི་ཞིང་ནང་ གེ་ཟའི་སོན་བཏབ་ནིའི་དོན་ལུ་ ཁྱིམ་ཚང་གི་ སོ་ནམ་པ་༡༠ དེ་ཅིག་ ཆ་རོགས་འབད་བར་ འོང་ཡོདཔ་ད་ བསོད་ནམས་རྒྱལ་མཚན་དེ་ ཚ་གྱང་ལང་སྟེ་ སྤྱགས་སྡུག་འཐབ་དགོཔ་ བྱུང་མི་དེ་ཡང་ ཁོ་ལུ་ ཆུ་མཛོད་ཆུང་ཀུ་ཅིག་ཡོད་མི་དེ་ནང་ ཆུ་ལངམ་སྦེ་མེདཔ་ལས་ མཉམ་རོགས་ཚུ་ལུ་ ཉིན་ལྟོ་བྱིནམ་ད་ ལགཔ་དང་ཧོད་འཁྱུ་ནི་གི་ ཆུ་མེད་མི་ལུ་བརྟེན་ཨིན་པས།
པཱམ་ལུ་ འཐུང་ཆུའི་དཀའ་ངལ་ཡོད་མི་དེ་ གནད་དོན་གསརཔ་ཅིག་མེན་ཟེར་ཨིནམ་ད་ བསོད་ནམས་རྒྱལ་མཚན་གྱིས་ སླབ་མིའི་ནང་ གཡུས་ཚན་དེ་གི་ མི་སེར་ཚུ་ལུ་ འཐུང་ཆུའི་དཀའ་ངལ་བྱུང་སྟེ་ ལོ་༦ ལྷག་སོ་ཡི་ཟེར་ཨིན་པས།
ད་རེས་ནངས་པར་ སྤྱི་འོག་དེ་ནང་ ཁྱིམ་གུང་མང་ཤོས་ཅིག་གིས་ ཁོང་ར་གིས་སྦེ་ དངུལ་ཀྲམ་༣༠,༠༠༠ དེ་རེ་ ཟད་འགྲོ་བཏང་ཐོག་ལས་ འཐུང་ཆུ་འཐེན་ཏེ་ཡོདཔ་ད་ མཉམ་རོགས་གཞན་བཟུམ་སྦེ་ བསོད་ནམས་རྒྱལ་མཚན་གྱིས་ཡང་ ཁོ་གི་ ཁྱིམ་ལྟག་ལས་ མི་ཊར་༦༠༠ དེ་ཅིག་གི་ ས་ཁ་ལས་ ཆུ་འཐེན་ཡོདཔ་ཨིན་རུང་ འཐུས་མི་༥ ཡོད་མི་ བཟའ་ཚང་ཡང་ ལང་ཚུགས་པར་ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ གཡུས་ཁ་ལུ་ ནཝ་ཚཝ་རེ་ ཕོག་པའི་སྐབས་དང་ རིམ་གྲོ་རེ་འབདཝ་ད་ དཀའ་ངལ་སྦོམ་ བྱུངམ་མས་ཟེར་ཨིནམ་ད་ ཆུ་མཛོད་ནང་ ཆུ་དུམ་གྲ་ཅིག་ཡོད་མི་དེ་གིས་ བཞེས་སྒོ་འབད་ནི་རྐྱངམ་གཅིག་ ལང་དོ་ཡོདཔ་ལས་ ཧོད་ཆས་ཚུ་ ཆུ་མ་འཁྱུ་བར་ དེ་སྦེ་ར་ བཞག་དགོཔ་ཐོནམ་མས་ཟེར་ཨིན་པས།
དེ་མ་ཚད་ པཱམ་ལུ་ སྣུམ་འཁོར་བཅོ་ཁང་ཅིག་ བཙུགས་སྡོད་མི་ ཀརྨ་གཡང་འཛོམས་ཀྱིས་ཡང་ ས་གནས་ཀྱི་ མི་ཚུ་ལུ་ ཆུའི་གདོང་ལེན་སྦོམ་བྱུང་ཡོད་པའི་སྐོར་ བསམ་འཆར་བཤད་ཡོདཔ་ད་ ཧེ་མ་འབད་བ་ཅིན་ མོ་གི་ སྣུམ་འཁོར་བཅོ་ཁང་གི་ལྟག་ལུ་ཡོད་མི་ ཞིང་ནང་ལས་ཐོན་མི་ཆུ་དེ་ ལག་ལེན་འཐབ་ཡོད་རུང་ ད་རེས་འབདཝ་ད་ ཉེ་འདབས་ཀྱི་ ས་འོག་ནང་ལས་ ཆུ་འཐེན་མི་ ཆུ་མཛོད་ཅིག་རྐྱབ་ཡོདཔ་ཨིན་པས།
ཀརྨ་གཡང་འཛོམས་ཀྱིས་ ཟླཝ་༥ དེ་ཅིག་གི་ཧེ་མར་རྐྱབ་མི་ ཆུ་མཛོད་དེ་གིས་ སྣུམ་འཁོར་བཅོ་ཁང་དེ་ནང་ ལཱ་འབད་མི་༢༠ དེ་ཅིག་ལུ་ ཕན་ཐོགས་བྱུང་སྟེ་ཡོདཔ་ཨིན་པས།
ཨིན་རུང་ པཱམ་གཡུས་ཚན་ནང་ ཆུའི་དཀའ་ངལ་བྱུང་མི་དེ་ སང་ཕོད་ཀྱི་ ལོ་སྔ་ཆ་དེ་ཅིག་ཁར་ སེལ་ཚུགས་པའི་ རེ་བ་ཡོདཔ་ད་ རྫོང་ཁག་བདག་སྐྱོང་གིས་ འཐུང་ཆུ་གསརཔ་བཏོན་ནིའི་དོན་ལུ་ རིན་བསྡུར་འབད་ཡོདཔ་ལས་ ལཱ་དེ་ཚུ་ ཤུལ་མའི་ཟླཝ་ནང་ལས་ འགོ་བཙུགས་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འཐུང་ཆུ་ལས་འགུལ་ མཇུག་བསྡུ་བའི་བསྒང་ལས་ ཁྱིམ་གུང་༨༠ ཀྱིས་ རང་སོའི་ཁྱིམ་གྱི་སྒོ་ཁར་ཆུ་དུང་གི་མཐུན་རྐྱེན་རེ་ འཐོབ་ནི་ཨིནམ་ད་ ཆུ་དེ་ཡང་ རང་གཤིས་མཁར་སྟོད་ལས་ ཆུ་རྐ་གསརཔ་ཅིག་ ངོས་འཛིན་འབད་དེ་ཡོདཔ་ཨིན་པས།
ཆུ་རྐ་དེ་ལས་ ཆུ་དུང་རིང་ཐུང་ཀི་ལོ་མི་ཊར་༦ དེ་ཅིག་ བཙུགས་ནི་དང་ དེ་གི་ཤུལ་ལས་ ཁྱིམ་གུང་ཁག་སོ་སོའི་ནང་ ཆུ་འཐེན་ནིའི་དོན་ལུ་ ཆུ་དུང་ཀི་ལོ་མི་ཊར་༡༥ དེ་ཅིག་ བཙུགས་ནི་ཨིན་པས།
ཆུ་གསརཔ་བཏོན་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༥.༦ བཞག་སྟེ་ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *