པཱན་སྦང་ཁྲོམ།

པཱན་སྦང་ལུ་ ཚོགས་རྒྱན་བཙུགས་ནི་དེ་ སྦ་གསང་མེདཔ།

༉ འགོ་ཐོག་བཙག་འཐུ་ འགོ་འདྲེན་འཐབ་ནི་དེ་ བདུན་ཕྲག་༡ མ་གཏོགས་མེད་རུང་ པཱན་སྦང་གི་ མི་སེར་ཚུ་གིས་ ཁོང་རའི་འདེམས་ངོ་ཚུ་ ངོ་ཤེས་མི་གིས་མ་དོ་བར་ མི་ག་གིས་ག་ལུ་ ཚོགས་རྒྱན་བཙུགས་ནི་ཨིན་ན་ཡང་ ཤེས་དོ་ཡོདཔ་ཨིན་པས།

མི་འབོར་༢,༠༠༠ དེ་ཅིག་ཡོད་མི་ པཱན་སྦང་ཁྲོམ་ཁར་ སྡོད་མི་ཚུ་གིས་ འབྲུག་མཉམ་རུབ་ཚོགས་པ་དང་ འབྲུག་ཕུན་སུམ་ཚོགས་པ་ དེ་ལས་ མི་སེར་དམངས་གཙོ་ཚོགས་པ་༣ ལས་ ག་གདམ་འཐུ་འབད་ནི་ཨིན་ན་ མ་ཤེས་པར་ མགུ་འཐོམ་ཏེ་ཡོད་ཟེར་ བཤདཔ་ཨིན་པས།

དེ་ཁར་སྡོད་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ མོ་ར་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་དབང་འདུས་དང་ ཉེཝ་ཕོགཔ་མ་ཚད་ མོ་གིས་རྨགཔ་དེ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་རིང་དང་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་ ལུང་བསྟན་རྡོ་རྗེ་༢ དང་ ཉེ་ཚན་ཕོགཔ་ཨིན་ཟེར་ཨིན་པས།

མོ་དང་ ཨམ་སྲུ་སྡེ་ཚན་ཅིག་ ཕྱི་རུ་ཁམས་ཅིག་ཁར་ ཚོང་ཁང་གི་ཕྱི་ཁར་ ཚོགས་པ་༤ ཆ་རའི་ འཛོམས་འདུ་ཚུ་ནང་ བཅའ་མར་གཏོགས་ཡོད་པའི་སྐོར་ བཤད་ཐོ་བཏང་སྡོད་ནུག།

ཁོང་ཆ་ཁྱབ་ འདེམས་ངོ་ཚུ་གིས་ ག་ཅི་ཁས་བླངས་འབད་ཡོདཔ་ཨིན་ནའི་སྐོར་ལས་ གྲོས་བསྡུར་འབད་བའི་བར་ ན་ གནམ་སྲོཝ་ལས་ ཨམ་སྲུ་ཚུ་ སོ་སོར་ཁ་འགྱེས་ཏེ་ རང་སོའི་ཁྱིམ་ནང་འགྱོཝ་ད་ ཉེ་འདབས་ཀྱི་ ཟ་ཁང་གི་ ཇོ་བདག་ཅིག་གིས་ ག་གིས་ག་ལུ་ རྒྱབ་སྐྱོར་འབད་ནི་ཟེར་ སླབ་དོ་ཡོདཔ་ད་ པཱན་སྦང་དེ་ ས་ཁོངས་ཆུང་ཀུ་ཅིག་ཨིནམ་ལས་ ག་གིས་ག་ལུ་ རྒྱབ་སྐྱོར་འབདཝ་ཨིན་ན་ ང་བཅས་ཀྱིས་ཤེས་ཟེར་ བཤདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ རྡོ་རྗེ་དབང་འདུ་དེ་ གཞལམ་བསྒང་ལས་ བློན་པོ་དང་པ་ཨིནམ་མ་ཚད་ ཁེངས་སྨད་ལུ་ གོང་འཕེལ་བཏང་མི་ཅིག་ཨིནམ་ལས་ ཁོ་ལུ་ རྒྱབ་སྐྱོར་གྱི་ གཞི་སྒྲིང་སྒྲི་ཡོད་ཟེར་ཨིན་པས།

ད་རུང་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཚེ་རིང་གིས་ སྤྱི་ལོ་༢༠༡༣ ལུ་ ཚོགས་པ་དེ་ འགོ་ཐོག་བཙག་འཐུ་ནང་ ཕམ་སོང་པའི་ཤུལ་ལུ་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་སྦེ་ དོ་འགྲན་འབད་ཡོདཔ་ལས་ ཁོ་གིས་ཡང་ རྒྱབ་སྐྱོར་ཐོབ་ཚུགས་ནུག་ཟེར་ ཁོ་གིས་ བཤད་པའི་ཁར་ ད་རེས་ ཚོགས་པའི་ གཙོ་འཛིན་ལུ་བརྟེན་ ས་གནས་ནང་ འབྲུག་མཉམ་རུབ་ཚོགས་པ་དེ་ ཡོངས་གྲགས་ཡོད་ཟེར་ཨིན་པས།

ཨིན་རུང་ ས་གནས་ཀྱི་ མི་མང་ཤོས་ཅིག་གིས་ མི་སེར་དམངས་གཙོ་ཚོགས་པའི་འདེམས་ངོ་དེ་ ས་གནས་ནང་ལས་ཨིནམ་ལས་ ངོ་ཤེས་དོ་ཡོདཔ་མ་ཚད་ ཁོ་ར་ ས་གནས་གཞུང་སྐྱོང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་སྦེ་ སྡོད་པའི་སྐབས་ རྒེད་འོག་ག་རའི་ནང་ ལྟ་སྐོར་འབད་ཡི་ཟེར་ བཤདཔ་ཨིན་པས།

ཚོང་པ་རིན་ཆེན་གྱིས་ སླབ་མིའི་ནང་ པཱན་སྦང་དེ་ ད་ལྟོ་ གོང་འཕེལ་མ་འགྱོ་བའི་ ས་གནས་ཅིག་ཨིནམ་ལས་ ཁོང་ལུ་ གནད་དོན་ཚུ་ཞུ་སྟེ་ དཀའ་ངལ་སེལ་ཚུགས་པའི་ འདེམས་ངོ་སྒྲིང་སྒྲི་ཅིག་ དགོཔ་ཡོད་ཟེར་ཨིནམ་ད་  ཁྲོམ་ཁར་འཐུང་ཆུའི་དཀའ་ངལ་དང་ དགེ་ལེགས་ཕུག་ལུ་འགྱོ་སའི་ འཁོར་ལམ་ཡང་ ལེགས་ཤོམ་མེད་པའི་ཁར་ ཁྲོམ་གོང་འཕེལ་ཡང་ འགྱོ་མ་ཚུགས་པར་ཡོད་ཟེར་ཨིན་པས།

དྲུང་ཁག་གསོ་བའི་ ལས་བྱེདཔ་བགྲེསཔ་ཅིག་དང་ ཁོ་རའི་བུ་ སློབ་དཔོན་ཨིན་མི་གཉིས་ཀྱིས་ ཚོགས་པ་སོ་སོ་ལུ་ རྒྱབ་སྐྱོར་འབད་མི་དེ་ཡང་ ཨ་པ་དེ་ མི་སེར་དམངས་གཙོ་ཚོགས་པའི་ འགོ་འདྲེན་པ་དང་ བུ་དེ་ འབྲུག་མཉམ་རུབ་ཚོགས་པའི་ རྒེད་འོག་འགོ་འདྲེན་པ་ཨིན་པས།

ཨ་པ་དེ་ སྤྱི་ཟླ་༩ པའི་ཚེས་༥ ལུ་ འཕང་མཁར་རྒེད་འོག་ནང་ ཚོགས་པའི་འདེམས་ངོ་དང་གཅིག་ཁར་ སོང་ཡོདཔ་ད་ བུ་དེ་ སྤྱི་ཟླ་༩ པའི་ཚེས་༦ ལུ་ ཁོ་རའི་ཚོགས་པའི་འདེམས་ངོ་དང་གཅིག་ཁར་སོང་ནུག།

ཀུན་ལེགས་ཀྱིས་ སླབ་མིའི་ནང་ ཁོ་རའི་ཨ་པ་གིས་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ནིའི་ ཐག་བཅད་མི་ལུ་ ཁོ་ལས་ རྒྱབ་སྐྱོར་ཡོདཔ་བཞིན་དུ་ ཨ་པ་གིས་ཡང་ ཁོ་ལུ་ རྒྱབ་སྐྱོར་དེ་བཟུམ་སྦེ་ར་ཡོད་ཟེར་ཨིན་པས།

གཡུས་ཁའི་མི་ཚུ་ཡང་ ག་གིས་ ག་ལུ་ག་ཅི་སྦེ་ ཚོགས་རྒྱན་བཙུགས་དགོཔ་ཨིན་ན་ ཐག་བཅད་དེ་ཡོདཔ་ཨིན་པས།

དུས་ཅི་ འབྱ་ཞིང་ཨེ་ཀར་༡ འབྱ་ལཱ་རྐྱབ་མ་ཚུགས་མི་ སྒོ་ཤིང་ལས་ ཨ་ལོ་༨ གི་ཨ་པ་ སྐྱེས་ལོ་༥༥ ལང་མི་ ཕྲིན་ལས་ཀྱིས་ སླབ་མིའི་ནང་ ཚོགས་པ་ག་ར་གིས་ ཞིང་ཆུ་དང་ འཐུང་ཆུ་མ་ལང་པའི་ དཀའ་ངལ་སེལ་ནིའི་ ཁས་བླངས་འབད་ཡོད་རུང་ ཆུའི་རྐ་ར་མེད་པ་ཅིན་ ཆུ་ག་དེ་སྦེ་ བྱིན་ནི་ཨིན་ན་ཟེར་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁོ་གི་བཟའ་ཚང་དང་ ས་གནས་ཀྱི་ མི་མང་ཤོས་ཀྱིས་ ཚོགས་པ་གཅིག་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་རུང་ གུང་པ་རེ་རེ་གཉིས་ ཚོགས་པ་སོ་སོ་ལུ་ རྒྱབ་སྐྱོར་འབདཝ་མས་ཟེར་ཨིན་པས།

སྤང་ཐང་ལུ་ ཨམ་སྲུ་སྡེ་ཚན་ཅིག་ བློ་སླབ་མིའི་གྲས་ལས་ སྐྱེས་ལོ་༤༣ ལང་མི་ པདྨ་ཆོས་སྐྱིད་ཀྱིས་ མི་སེར་གྱི་ འཐུས་མི་བགྲེསཔ་གིས་ མོ་རའི་ ཐག་རིང་གི་གཡུས་ཚན་ པ་ན་བི་ལུ་ འཁོར་ལམ་དང་ འཐུང་ཆུ་ གློག་མེའི་མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་མ་ཚུགས་ཟེར་ ཁ་བཏངམ་ཨིན་པས།

མོ་གིས་འབད་བ་ཅིན་ མོ་རའི་གཡུས་ཁའི་ མི་སེར་ཆ་མཉམ་གྱིས་ སྲིད་ཚོགས་སྒྲིང་སྒྲི་ཅིག་ལུ་ རྒྱབ་སྐྱོར་འབད་དགོཔ་ཡོདཔ་ ཧ་གོ་དགོ་ཟེར་ཨིན་པས།

མོའི་ཁྱིམ་ཚང་ སྐྱེས་ལོ་༤༡ ལང་མི་ ཚེ་རིང་གིས་ སླབ་མིའི་ནང་ པདྨ་ཆོས་སྐྱིད་ཀྱིས་ ཚོགས་པ་ག་གི་སྐོར་ལས་སླབ་ཨིན་ན་ ཁོང་གིས་ ཤེས་ཟེར་ཨིནམ་ད་ མོ་གི་གཡུས་ཚན་ལས་ ཁྱིམ་གུང་༣ རྐྱངམ་གཅིག་གིས་ ཚོགས་པ་དེ་ལུ་ རྒྱབ་སྐྱོར་འབདཝ་ཨིན་ཟེར་ བཤདཔ་ཨིན་པས།

འབྲུག་ཀུན་མཉམ་ཚོགས་པའི་འདེམས་ངོ་ ཚེ་རིང་དོན་གྲུབ་དེ་ འདས་པའི་ས་གནས་གཞུང་གི་ བཙག་འཐུ་ནང་ ཚོགས་པའི་འདེམས་ངོ་སྦེ་ བཅའ་མར་གཏོགས་ཡོདཔ་ཨིན་རུང་ མི་ཚུ་གིས་ ཁོ་གི་སྐོར་ལས་ ལོ་རྒྱུས་གངམ་ སླབ་ནི་མིན་འདུག།

པཱན་སྦང་ལུ་ སྡོད་མི་ཅིག་གིས་ སླབ་མིའི་ནང་ འདེམས་ངོ་ཚུ་གི་བར་ན་ རྩོད་བསྡུར་འབདཝ་ད་ མི་སེར་གྱི་ མནོ་ཐངས་བསྒྱུར་བཅོས་འགྱོ་འོང་ཟེར་ཨིན་པས།

འདེམས་ཁོངས་ནང་ སྤྱིར་སྙོམས་འཛོམས་འདུ་ མཇུག་བསྡུ་སྟེ་ འདེམས་ངོ་ཚུ་གིས་ སྒོ་བཤལ་སྐུལ་བསྒྲགས་འགོ་བཙུགས་ཡོདཔ་ད་ པཱན་སྦང་གི་ ངོས་ལེན་འགོ་དཔོན་ བཀྲ་ཤིས་ཕུན་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ཚེས་༢༧ ལས་ ཟླ་༩ པའི་ཚེས་༤ ཚུན་ རྒེད་འོག་༤ འི་ནང་ སྤྱིར་སྙོམས་འཛོམས་འདུ་༡༠ འགོ་འདྲེན་འཐབ་ཅི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཉིམ་རྡོ་རྗེ།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *