༉ འབྲུག་ཕུན་སུམ་ཚོགས་པའི་ པཱན་སྦང་གི་འཐུས་མི་ རྡོ་རྗེ་དབང་འདུས་ཀྱིས་ བཙག་འཐུ་ཐེངས་གསུམ་ཆ་རའི་ནང་ གདམ་འཐུ་གྲུབ་མི་དེ་ ཁོ་ར་ཡོངས་གྲགས་ཡོད་མི་ལུ་བརྟེན་ འོང་སྲིད་ནི་ཨིན་རུང་ བར་དོ་ཀྲོང་གི་འདེམས་ངོ་ མགོནམ་ཚེ་རིང་དེ་ ཁོ་རའི་འདེམས་ཁོངས་ཁོམ་ཤར་གྱི་ མི་ཚུ་གིས་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ ད་རེས་ཀྱི་བཙག་འཐུ་ནང་ལས་ བཙག་འཐུ་གྲུབ་ཚུགས་ཡོདཔ་ཨིན་པས།
མགོནམ་ཚེ་རིང་དེ་ སྤྱི་ལོ་༢༠༡༣ གྱི་བཙག་འཐུ་ནང་ ཕམ་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་ནང་ བསོད་ནམས་ལས་སྐྱིད་ཀྱིས་༡༥༩ གིས་ཐེབས་ཐོབ་ཡོད་རུང་ མགོནམ་ཚེ་རིང་གིས་ ཁོ་རའི་འདེམས་ཁོངས་ ཁོམ་ཤར་ལས་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་ ཚོགས་རྒྱན་༣༣༨ ཐོབ་ཡོད་རུང་ བསོད་ནམས་ལས་སྐྱིད་ཀྱིས་ ཕུད་རྡོག་དྲུག་ལས་ ཐོབ་མ་ཚུགསཔ་ཨིན་པས།
ཁོམ་ཤར་ཚོགས་རྒྱན་ས་ཁོངས་ནང་བཙུགས་མི་ ཚོགས་རྒྱན་གྱི་ཁྱད་པར་བཟོ་མི་དེ་གིས་ མགོནམ་ཚེ་རིང་གིས་ མཇུག་ལུ་ཁོ་གིས་ ཚོགས་རྒྱན་བསྡོམས་ཀྱིས་༡༢༦ ཐེབས་ཐོབ་སྟེ་ རྒྱལ་ཁ་ཐོབ་ཚུགས་ཡོདཔ་ཨིན་པས།
བསོད་ནམས་ལས་སྐྱིད་ཀྱིས་ གཞན་ཚོགས་རྒྱན་ས་ཁོངས་ཚུ་ནང་ལས་ རྒྱབ་སྐྱོར་ཚུ་ཐོབ་སྟེ་ཡོད་རུང་ ཁོམ་ཤར་ལས་ ཁྱད་པར་སྦོམ་ལུས་མི་དེ་ འགབ་མ་ཚུགསཔ་ཨིན་པས།
བསོད་ནམས་ལས་སྐྱིད་ཀྱིས་ ཤིང་མཁར་དང་ ཁྲི་ས་ ཚལ་དྭངས་ ཝམ་གླིང་ ནང་སྐོར་ དེ་ལས་ མགོ་གླིང་གི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ལས་ འཕྲུལ་ཆས་ཀྱི་ ཚོགས་རྒྱན་རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།
བར་དོ་དང་ ཁོམ་ཤར་ གླང་དུར་སྦིས་ སྐྱིད་མཁར་ ཏིང་ཏི་སྦིས་ དེ་ལས་ ཚལ་དྭངས་གི་ས་ཁོངས་ནང་ལས་ མགོནམ་ཚེ་རིང་གིས་ རྒྱབ་སྐྱོར་ཐོབ་ཡོདཔ་ཨིན་པས།
ཁེངས་སྨད་ནང་འབད་བ་ཅིན་ རྡོ་རྗེ་དབང་འདུས་ཀྱིས་ ཁོ་རའི་བྱང་ཕྱད་ ཚེ་རིང་གི་རྒེད་འོག་ ངང་ལ་ལས་ཡང་ རྒྱབ་སྐྱོར་འདྲན་འདྲ་ཐོབ་མི་ལུ་བལྟཝ་ད་ ཁོ་ར་ཡོངས་གྲགས་ཡོད་པའི་རྟགས་ཨིནམ་ད་ ཁོ་གིས་ ངང་ལ་རྒེད་འོག་ལས་ ཚོགས་རྒྱན་༥༥༦ ཐོབ་ཡོདཔ་ད་ བྱང་ཕྱད་ཚེ་རིང་གིས་༥༥༧ ཐོབ་ནུག།
རྡོ་རྗེ་དབང་འདུས་ཀྱི་ རྒེད་འོག་མགོ་གླིང་ལས་ ཚེ་རིང་གིས་ ཚོགས་རྒྱན་འཕྲུལ་ཆས་ནང་ལས་ ཚོགས་རྒྱན་བསྡོམས་༣༣༥ ཐོབ་ཡོདཔ་ད་ རྡོ་རྗེ་དབང་འདུས་ཀྱིས་༥༣༨ ཐོབ་ཡོདཔ་ད་ ཁོ་གིས་ ལྷན་ཐབས་ཚོགས་རྒྱན་ནང་ལས་ ཚོགས་རྒྱན་༣༦༧ ཐེབས་ཐོབ་ཡོད་མི་དེ་གི་ཁྱད་པར་དེ་ ཁོ་གིས་ ཚོགས་རྒྱན་འཕྲུལ་ཆས་ཐོག་ལས་ ཐོབ་མ་ཚུགསཔ་ཨིན་པས།
འདེམས་ངོ་གཉིས་ཆ་ར་གིས་ འབྱོག་དཀར་དང་ འཕང་མཁར་རྒེད་འོག་ནང་ལས་ རྒྱབ་སྐྱོར་འདྲན་འདྲ་འཚམས་ཅིག་ ཐོབ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ཚེ་རིང་གིས་ དུས་ཅི་འབདཝ་ད་ རྡོ་རྗེ་དབང་འདུས་ལས་ ཐེངས་གཉིས་ཕམ་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ དུས་ཅི་ཁོ་གིས་ སྐུལ་བསྒྲགས་ཡང་ ལེགས་ཤོམ་འབད་ཡོད་པའི་ཁར་ མི་ཚུ་ལས་ རྒྱབ་སྐྱོར་ཡང་ཐོབ་ཡོདཔ་ལས་ རྒྱལ་ནིའི་རེ་བ་སྦོམ་ཡོདཔ་ལས་ གྲུབ་འབྲས་ལུ་ བསམ་པ་མ་རྫོགས་ཟེར་ཨིན་པས།
ཚོགས་རྒྱན་བཙུགས་མིའི་ གནས་སྟངས་ལུ་ལྟཝ་ད་ མི་ཚུ་གིས་ དུས་ཅིའི་བཙག་འཐུ་ནང་ལས་ བསྒྱུར་བཅོས་དགོ་པའི་རེ་འདོད་ཡོད་པའི་ཁར་ ཚོགས་པ་ག་གིས་ གཞུང་སྐྱོང་འཐོབ་ནི་ཨིན་ན་ཡང་ ཧེ་མ་ལས་ཤེས་ཡོད་རུང་ གྲུབ་འབྲས་ལུ་ བསམ་པ་མ་རྫོགས་ཟེར་བཤད་ཅི།
ང་ལུ་རྒྱབ་སྐྱོར་འབད་མིའི་ གནས་ཚད་བལྟ་བ་ཅིན་ དུས་ཅིའི་རྒྱབ་སྐྱོར་འབད་མི་ ལེ་ཤ་གིས་ ཡར་སེང་སོང་སྟེ་ཡོད་ཟེར་ ཚེ་རིང་གིས་བཤད་ཅི།
ཚོགས་རྒྱན་འཕྲུལ་ཆས་ནང་ལས་ ཚེ་རིང་དང་ རྡོ་རྗེ་དབང་འདུས་ཀྱི་བར་ན་ ཁྱད་པར་དེ་ཅིག་མེད་པའི་ཁར་ ཚེ་རིང་གིས་ ཚོགས་རྒྱན་བསྡོམས་ཀྱིས་༡༥༠༤ ཐོབ་ཡོདཔ་ད་ རྡོ་རྗེ་དབང་འདུས་ཀྱིས་༡༥༩༦ དེ་བཟུམ་སྦེ་ འགྲེམ་ཐོག་ཚོགས་རྒྱན་ནང་ལས་ ཚེ་རིང་གིས་༡༠༢༡ དང་ རྡོ་རྗེ་དབང་འདུས་ཀྱིས་༡༣༨༨ ཐོབ་ཡོདཔ་ལས་ ཁྱད་པར་དེ་ཅིག་ར་ མེདཔ་ཨིན་པས།
ཚེ་རིང་གིས་ འདས་པའི་དྲི་བཀོད་ནང་ པཱན་སྦང་འདེམས་ཁོངས་ཀྱི་ སྤྱི་འོག་ལ་ལོའི་མི་ཚུ་གིས་ རྒྱབ་སྐྱོར་ཚུ་ག་ནི་ཡང་ མ་ལྷོད་རུང་ སེམས་བསྒྱུར་ཚུགས་པར་ ལཱ་ཁག་འདུག་ཟེར་ བཤད་ཡོདཔ་ཨིན་པས།
སྐྱེས་ལོ་༡༨ ལང་མི་ སློབ་རིམ་༨ པའི་ནང་ལྷབ་མི་ བསོད་ནམས་དབང་ཕྱུག་གིས་ བཤད་མིའི་ནང་ ཁོ་གིས་ དུས་ཅི་ འགོ་དང་པ་ ཚོགས་རྒྱན་བཙུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིནམ་ད་ དེ་ཡང་ ཁོ་གིས་ འབྲུག་མཉམ་རུབ་ཚོགས་པ་གིས་ སློབ་རིམ་བཅུ་པའི་སྐུགས་ཚད་མེདཔ་བཟོ་ནིའི་ ཁས་བླངས་འབད་མི་ལུ་ ཡིད་ཆེས་ཡོདཔ་ལས་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
བསོད་ནམས་དབང་ཕྱུག་གིས་ སླབ་མིའི་ནང་ ཚོགས་རྒྱན་འགོ་དང་པ་འབད་ནི་དེ་གིས་ སེམས་ཁར་མ་འདྲཝ་ཅིག་ཆགས་ཡི་ཟེར་ཨིནམ་ད་ ཨིན་རུང་ ཁོ་གིས་ འབྲུག་མཉམ་རུབ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་བཤད་ཅི།
སྐྱེས་ལོ་༢༥ ལང་མི་ པཱམ་ལས་ཨིན་མི་ ཉི་མ་སངས་རྒྱས་ཀྱིས་འབད་བ་ཅིན་ ཚོགས་པའི་ཁས་བླངས་སྐོར་ལས་ མ་ཤེས་རུང་ འབྲུག་ཕུན་སུམ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིན་པས།
ཨིན་རུང་ སྐྱེས་ལོ་༣༠ ལང་མི་ གདུང་སྦིས་ལས་ཨིན་མི་ ཀརྨ་ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོ་གིས་ཧེ་མ་ མི་སེར་དམངས་གཙོ་ཚོགས་པ་ལུ་ རྒྱབ་སྐྱོར་འབད་ཡོད་རུང་ དུས་ཅི་ གཞུང་སྐྱོང་གཞན་ཅིག་ལུ་ གོ་སྐབས་བྱིན་ཐབས་ལུ་ འབྲུག་མཉམ་རུབ་ཚོགས་པ་ལུ་ བཙུགས་ཡི་ཟེར་ཨིན་པས།
ཁེངས་སྨད་ཀྱི་ མི་སེར་ཚུ་གིས་ རྡོ་རྗེ་དབང་འདུས་ གདམ་ཁ་རྐྱབ་ཡོདཔ་ད་ ཁོ་གིས་ སྒོ་ཤིང་རྒེད་འོག་ལས་ དོ་འགྲན་འབད་ཡོདཔ་ད་ དུས་ཅི་འབདཝ་ད་ སྤྱི་ཚོགས་ནང་ ཐེངས་གསུམ་པ་ཨིན་པའི་ཁར་ ལྡོག་ཕྱོགས་ནང་ཐེངས་༢ པ་ཨིན་པས།
སྒོ་ཤིང་ལས་ཨིན་མི་ སངས་རྒྱས་ཀྱིས་ བཤད་མིའི་ནང་ རྡོ་རྗེ་དབང་འདུས་ལུ་རྒྱབ་སྐྱོར་འབད་མི་དེ་ཡང་ ཁོ་གིས་ ཚོགས་ཁང་ནང་ འཕྲལ་འཕྲལ་ར་ མི་སེར་གྱི་སྐོར་ལས་ཞུ་ནི་ཡོད་པའི་ཁར་ ཡོངས་གྲགས་ཡོདཔ་ལས་ ཁོ་ར་ དྲག་ནི་འོང་ཟེར་བཤད་ཅི།
རྡོ་རྗེ་དབང་འདུས་དང་ བསོད་ནམས་ལས་སྐྱིད་གཉིས་ འབྲེལ་བ་འཐབ་མ་ཚུགས་པའི་གནས་ཚུལ།
གཞལམ་སྒང་ལས་ བཀྲིས་བསྟན་འཛིན།