ས་སྣུམ་དང་ འགྲུལ་འཕྲིན་གྱི་ཞབས་ཏོག་ལེགས་ཤོམ་མེད་མི་ པཱན་ཏང་གཡུས་ཚན།

པཱན་ཏང་ལུ་ ས་སྣུམ་བླུག་ས་དང་ འགྲུལ་འཕྲིན་གྱི་ཞབས་ཏོག་ ལེགས་ཤོམ་མེདཔ།

༉ ཕང་མཁར་རྒེད་འོག་གི་ པཱན་ཏང་དེ་ པཱན་སྦང་དང་ གཞལམ་སྒང་བར་ནའི་ གཞུང་ལམ་ཁར་ཨིནམ་ད་ ས་གནས་དེ་ནང་ སློབ་གྲྭ་དང་ བདག་སྐྱོང་ དེ་ལས་ གཞི་རིམ་གྱི་གསོ་བའི་སྨན་ཁང་ཚུ་ ཆགས་ཏེ་ཡོད་རུང་ གཞན་ཉེར་མཁོའི་མཐུན་རྐྱེན་ཚུ་མིན་འདུག།
ས་གནས་དེ་ ཏིང་ཏི་སྦིས་ལས་ ཀི་ལོ་མི་ཊར་༦༠ ལྷགཔ་ཅིག་གི་ས་ཁར་ཆགས་ཡོད་པའི་ཁར་ པཱན་སྦང་ལས་འབད་བ་ཅིན་ ཀི་ལོ་མི་ཊར་༣༠ དེ་ཅིག་གི་ས་ཁར་ ཆགས་ཏེ་འདུག།
དེ་འབདཝ་ལས་ ཉེར་མཁོའི་མཐུན་རྐྱེན་ སྣུམ་འཁོར་གྱི་མར་ཁུ་དང་ དངུལ་བཙུགས་བཏོན་འབད་དགོ་པའི་ ལཱ་རེ་འཐོན་པ་ཅིན་ ལཱ་ཁག་སྦེ་ གཞལམ་སྒང་དང་ དེ་མིན་ པཱན་སྦང་ལུ་ འགྱོ་དགོ་དོ་ཡོདཔ་ཨིན་པས།
ས་གནས་ནང་གི་ ཞི་གཡོགཔ་ཅིག་གིས་ བཤད་མིའི་ནང་ ས་གནས་དེ་ གཞུང་ལམ་ཁར་འབདཝ་ལས་ འགྲོ་འགྲུལ་འབད་མི་ མ་ཆད་པའི་ཁར་ སྣུམ་འཁོར་བཏང་མི་ཚུ་གིས་ བཞེས་སྒོ་བཟའ་ནི་དང་ ངལ་འཚོ་ནིའི་དོན་ལུ་ སྒུག་མི་ཚུ་ཡང་ མང་སུ་ཐོན་དོ་ཡོདཔ་ལས་ མཐུན་རྐྱེན་དེ་ཚུ་དགོ་པའི་གནས་སྟངས་ནང་ ལྷོད་ལྷོདཔ་བཟུམ་མཐོངམ་མས་ཟེར་ ཨིན་པས།
ཁོ་གིས་སླབ་མིའི་ནང་ ས་གནས་དེ་ ས་སྣུམ་བླུག་ས་ཡོད་མི་ ཏིང་ཏི་སྦིས་དང་ པཱན་སྦང་ལས་ ཐག་རིང་ནི་དེ་གིས་ འཕྲལ་འཕྲལ་ སྣུམ་འཁོར་ནང་ ས་སྣུམ་རྗོགས་ནི་འདུག་ཟེར་ཨིན་པས།
དེ་མིན་ ས་སྣུམ་ལེན་པར་ ཐག་ཉེ་ཤོས་ པཱན་སྦང་ཚུན་ ཀི་ལོ་མི་ཊར་༣༠ འབདཝ་ད་ ཡར་མར་ ཀི་ལོ་མི་ཊར་༦༠ དེ་ཅིག་ འགྱོ་དགོཔ་ཐོནམ་ད་ སྣུམ་འཁོར་ལག་ལེན་འཐབ་ནི་ཚུ་ཡང་ འཛེམ་སུ་འབད་དེ་ སྡོད་དགོཔ་ཐོནམ་མས་ཟེར་ཨིན་པས།
ཁོ་གིས་ ས་སྣུམ་རྫོགས་པའི་སྐབས་ ཕར་ཚུར་འགྲོ་འགྲུལ་འབད་མི་ སྣུམ་འཁོར་བཏང་མི་ཚུ་ལུ་ ཉོ་བར་སྐྱེལ་དོ་ཡོད་རུང་ འཕྲལ་འཕྲལ་སྐབས་ དེད་གཡོགཔ་ཚུ་གིས་ཡང་ ཉན་མི་བཏུབ་པས་ཟེར་ཨིན་པས།
ས་སྣུམ་བླུག་ས་དང་ ཏི་རུ་བཙུགས་བཏོན་གཉིས་ལས་ ས་སྣུམ་བླུག་ས་དེ་ ཁག་ཆེ་སུ་སྦེ་ དགོཔ་ཡོད་མི་དེ་ཡང་ དངུལ་བཙུགས་ནིའི་དོན་ལུ་ ས་གནས་ནང་ འབྲུག་གོང་འཕེལ་དངུལ་ཁང་གིས་ དུས་ཚོད་བཟོ་ཡོད་མི་དང་འཁྲིལ་ ལས་བྱེདཔ་ཚུ་འོང་སྟེ་ ཞབས་ཏོག་དེ་ བྱིན་དོ་ཡོདཔ་ཨིན་པས།
སློབ་རིམ་༡༠ པ་མཇུག་བསྡུ་སྟེ་ པཱན་ཏང་ལུ་ ཚོང་ཁང་ཆུང་ཀུ་ཅིག་ བཙུགས་སྡོད་མི་ ཚེ་རིང་གིས་ སླབ་མིའི་ནང་ མོ་བཟུམ་མའི་ ཚོང་རྐྱབ་སྡོད་མི་ཚུ་ལུ་ ཏི་རུ་བཙུགས་དགོཔ་དེ་ཅིག་ མ་འཐོན་ནི་དེ་གིས་ འབྲུག་གོང་འཕེལ་དངུལ་ཁང་གིས་སྤྲོད་མི་ ཞབས་ཏོག་དེ་གིས་ བཏུབ་པས་ཟེར་ཨིན་པས།
ཨིན་རུང་ མོ་གིས་བཤད་མིའི་ནང་ མ་འོངས་པའི་ནང་ ས་གནས་དེ་ནང་ མི་རློབས་ཡར་སེང་འགྱོ་ གཙུག་སྡེ་ཡང་ ཡར་སེང་འགྱོ་བའི་ཤུལ་ལས་ དངུལ་བཏོན་འཕྲུལ་ཆས་ཀྱི་ ཞབས་ཏོག་ཡོད་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཁག་འབག་གི་ལཱ་འབད་མི་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ཁོ་རའི་ལཱ་ཚུ་མང་ཤོས་ར་ པཱན་སྦང་དང་ གཞལམ་སྒང་ལུ་འབད་ནི་དེ་གིས་ པཱན་ཏང་ལུ་ ཁང་གླ་ཁར་སྡོད་དོ་ཡོདཔ་ལས་ དངུལ་དང་འབྲེལ་བའི་ལཱ་ དཔེར་ན་ ཁང་གླ་བཏབ་ནིའི་དོན་ལུ་ འཕྲལ་འཕྲལ་ཏི་རུ་མེད་པར་ དུས་ཚོད་ཁར་ བཏབ་མི་ཚུགས་པས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གོང་འཕེལ་འགྱོཝ་དང་འབྲེལ་ དངུལ་འབྲེལ་ཞབས་ཏོག་བྱིན་མི་ ཡིག་ཚང་ཅིག་དགོཔ་བཟུམ་སྦེ་ མཐོང་མས་ཟེར་ཨིན་པས།
ས་ཁོངས་དེ་ནང་ འགྲུལ་འཕྲིན་གྱི་ཞབས་ཏོག་ཡང་ ལེགས་ཤོམ་སྦེ་ བདའ་མི་ཟུན་དོ་ཡོདཔ་ལས་ མི་ཚུ་གིས་ ལཱ་ཁག་སྦེ་ ཀི་ལོ་མི་ཊར་༢ དེ་ཅིག་གི་ས་ཁར་ སང་ཙི་རི་ཚུན་འགྱོ་དོ་ཡོདཔ་ཨིན་པས།
ཕང་མཁར་རྒེད་འོག་བདག་སྐྱོང་འགོ་དཔོན་ སངས་རྒྱས་ཀྱིས་ སླབ་མིའི་ནང་ ས་གནས་དེ་ནང་ ས་སྣུམ་བཀྲམ་སྤེལ་ཁང་ བཙུགས་ནིའི་སྐོར་ལས་ ལས་སྡེ་དང་གཅིག་ཁར་ བློ་སླབ་ཚར་ཡོད་རུང་ སྒེར་ས་ནང་ བྱིན་མི་ག་ཡང་མེདཔ་ལས་ ས་ཆ་ཐོབ་མ་ཚུགས་པར་ སྐབས་ཅིག་དེ་སྦེ་ར་ ལུས་ཏེ་ཡོད་ཟེར་ཨིན་པས།
རྒེད་འོག་གི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ ས་གནས་དེ་ནང་ མི་རློབས་ཡར་སེང་འགྱོ་དོ་ཡོདཔ་ལས་ མཐུན་རྐྱེན་ཚུ་ དགོཔ་འདུག་ཟེར་ བཤད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *