བཙག་འཐུ་འགོ་དཔོན་ཚུ་གིས་ སྣུམ་འཁོར་ནང་ལས་ ཚོགས་རྒྱན་འཕྲུལ་ཆས་ཚུ་ བཏོན་པའི་བསྒང་།

པདྨ་དགའ་ཚལ་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་དོན་ལུ་ གྲ་སྒྲིག་ཡོདཔ།

༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་༣ པ་རན་ནི་ལུ་ ཉིནམ་༡ ལས་བརྒལ་མེད་ནི་དེ་གིས་ པདྨ་དགའ་ཚལ་ལུ་ བཙག་འཐུའི་དོན་ལུ་ གྲ་སྒྲིག་སོང་ཡོདཔ་བཞིན་དུ་ སྤྱི་ཟླ་༤ པའི་ཚེས་༡༧ ལུ་ ཚོགས་རྒྱན་ས་ཁོངས་༦༠ ནང་ ཚོགས་རྒྱན་འགོ་དཔོན་༣༦༦ དང་ ཉེན་སྲུང་ལྟ་རྟོག་པ་༡༨༠ བཏང་ཡོདཔ་ཨིན་པས།

སྡེ་ཚན་ཚུ་ དེ་ཚེ་ར་ ཁོང་རའི་ས་ཁོངས་ཚུ་ནང་ ལྷོད་ཡོདཔ་བཞིན་དུ་ འགོ་དཔོན་དང་ ཉེན་སྲུང་ལྟ་རྟོག་པ་ཚུ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ བསྐྱལ་ནིའི་དོན་ལུ་ རྫོང་ཁག་གིས་ སྐྱེལ་འདྲེན་ཞབས་ཏོག་ཚུ་ བྱིན་ཡོདཔ་ཨིན་པས།

ངོས་ལེན་འགོ་དཔོན་ ཚོང་ཀྲུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༦༠ ཡོད་མི་དེ་ཡང་ ངང་ལམ་དྲུང་ཁག་ནང་ ཚོགས་རྒྱན་ས་ཁོངས་༡༨ དང་ མཁར་-གཡུ་རུང་ལུ་༢༥ དེ་ལས་ ན་ནོང་-ཤུ་མར་ལུ་ ཚོགས་རྒྱན་ས་ཁོངས་༡༧ ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཚོགས་རྒྱན་ས་ཁོངས་ལ་ལོ་ཅིག་ འཁོར་ལམ་གྱི་མཐུད་སྦྲེལ་མེདཔ་ལས་ སྤྱི་ཟླ་༤ པའི་ཚེས་༡༧ ལས་ ཚོགས་རྒྱན་འགོ་དཔོན་དང་ ཉེན་སྲུང་ལྟ་རྟོག་པ་ཚུ་ ས་ཁོངས་ཚུ་ནང་ བཏང་ཡི་ཟེར་ཨིནམ་ད་ གདུང་སྨིན་རྒེད་འོག་ འུང་བོ་རང་ལུ་ཡོད་མི་ ཚོགས་རྒྱན་ས་ཁོངས་ནང་ འཁོར་ལམ་ལས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་ རྐང་སྟོང་སྦེ་ འགྱོ་དགོ་མི་ལུ་བརྟེན་ གདོང་ལེན་ཅིག་ འོང་ནི་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཤུ་མར་དང་ གཡུ་རུང་ དེ་ལས་ བདེ་ཆེན་གླིང་དང་ བཟོ་སྦལ་རྒེད་འོག་ཚུ་ནང་ ཐོ་བཀོད་འབད་མི་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་ མཐོ་ཤོས་ཡོདཔ་ལས་ ཚོགས་རྒྱན་ས་ཁོངས་དེ་ཚུའི་ནང་ ཚོགས་རྒྱན་འགོ་དཔོན་༧ རེ་ ཡོདཔ་བཞིན་དུ་ ས་ཁོངས་གཞན་ཚུ་ནང་ ཉུང་ཤོས་འགོ་དཔོན་༦ དང་ ཉེན་སྲུང་ལྟ་རྟོག་པ་༣ རེ་ ཡོད་ཟེར་ཨིན་པས།

སྤྱི་ཟླ་༤ པའི་ཚེས་༩ དང་༡༠ ལུ་ ཚོགས་རྒྱན་འཕྲུལ་ཆས་ཚུ་ ཐིའུ་རྐྱབ་ཡོདཔ་ད་ ཚོང་ཀྲུ་གིས་ སླབ་མིའི་ནང་ ཐག་རིང་སར་ཡོད་མི་ ཚོགས་རྒྱན་ས་ཁོངས་ཚུ་ནང་ ཚོགས་རྒྱན་འཕྲུལ་ཆས་ཐེབས་རེ་ བཀྲམ་སྤེལ་འབད་དེ་ ཡོད་ཟེར་ཨིནམ་བཞིན་དུ་ རྫོང་ཁག་ནང་ ཤུ་མར་ ན་ནོང་ གཡུ་རུང་ དེ་ལས་ མཁར་དང་ བདེ་ཆེན་གླིང་རྒེད་འོག་ཚུ་ལས་ འདེམས་ངོ་༥ ཡོདཔ་ཨིན་པས།

ངོས་ལེན་འགོ་དཔོན་ཡིག་ཚང་དང་འཁྲིལཝ་ད་ རྫོང་ཁག་གི་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་༢ ཀྱི་དོན་ལུ་ ཚོགས་རྒྱན་བཙུགས་མི་བསྡོམས་༡,༢༣༦ ཐོ་བཀོད་འབད་ཡོད་མིའི་གྲས་ལས་ ཨམ་སྲུ་༦༡༧ དང་ ཕོ་སྐྱེས་༦༡༩ ཡོདཔ་ཨིན་པས།

ཚོང་ཀྲུ་གིས་ སླབ་མིའི་ནང་ ངང་ལམ་འབྲིང་རིམ་སློབ་གྲྭ་གོང་མ་དང་ པདྨ་དགའ་ཚལ་འབྲིང་རིམ་སློབ་འོག་མའི་ནང་ཡོད་མི་ ལྷན་ཐབས་ཚོགས་རྒྱན་ས་ཁོངས་༢ ནང་ མི་གྲངས་༧༦༩ གིས་ ཚོགས་རྒྱན་བཙུགས་ཡོད་མི་དེ་ བརྒྱ་ཆ་ལས་འབད་བ་ཅིན་༦༢ ཀྱི་རྩིས་ ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ རྫོང་ཁག་གིས་ མི་༢,༣༡༩ ལུ་ ཐད་ཀར་དུ་ འགྲེམ་ཐོག་ཚོགས་རྒྱན་སྤྲོད་ཡོདཔ་བཞིན་དུ་ ཁ་ཙ་ཚུན་ འགྲེམ་ཐོག་ཚོགས་རྒྱན་༢,༠༧༣ ཐོབ་ཡོདཔ་ད་ སྤྱི་ཚེས་༡༩ ལུ་ ཕྱི་རུའི་ཆུ་ཚོད་༥ མ་རནམ་ལས་ ད་རུང་ འགྲེམ་ཐོག་ཚོགས་རྒྱན་ཐེབས་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

རྫོང་ཁག་ནང་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢༦,༠༨༩ དེ་ཅིག་ ཐོ་བཀོད་འབད་ཡོད་མིའི་གྲས་ལས་ ཕོ་སྐྱེས་༡༢,༦༦༨ དང་ ཨམ་སྲུ་༡༣,༤༢༡ ཡོདཔ་ཨིན་པའི་གནས་ཚུལ།

པདྨ་དགའ་ཚལ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *