༉ སྤྱི་ཟླ་༡༡ པའི་ཚེས་༢༤ ལུ་ པདྨ་དགའ་ཚལ་རབ་སྡེ་གིས་ གནམ་དགུན་གྱི་བཞུགས་གནས་ ངང་ལམ་ལུ་ གསོལ་ཐབ་བྱོན་མི་དེ་ རྒྱལ་རབས་ནང་ འགོ་དང་པ་ཨིན་པས།
དེ་ཡང་ བླམ་གནས་བརྟན་གྱིས་དབུ་གཙོས་པའི་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་ གསོལ་ཐབ་བྱོན་པའི་སྐབས་ ལམ་བདའ་སྟེ་ མི་སེར་ཚུ་གིས་ བསངས་བཏང་སྟེ་ སྙན་དར་ཕུལ་ཐོག་ ཞབས་དྲུང་ཁམས་གསུམ་ཟིལ་གནོན་གྱི་རྟེན་ལས་ དབང་ཞུ་ཡོདཔ་ཨིན་པས།
རབ་སྡེ་གི་དྲུང་ཆེན་ པདྨ་རྒྱལ་པོ་གིས་ སླབ་མིའི་ནང་ དུས་ཅི་ ངང་ལམ་དྲུང་ཁག་ནང་ གསོལ་ཐབ་བྱོན་མི་དེ་ ཡན་ལག་གྲྭ་ཚང་ཅིག་ གསརཔ་རྐྱབ་ཚར་བའི་ཁར་ སྨོན་ལམ་ཆེན་མོ་ འགོ་འདྲེན་འཐབ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གསོལ་ཐབ་བྱོན་པའི་སྐབས་ རྫོང་ཁག་བདག་སྐྱོང་དང་ མི་སེར་ཚུ་གིས་ རྒྱབ་སྐྱོར་ཧྲིལ་བུམ་གནང་ཡི་ཟེར་ཨིནམ་ད་ གདུང་བསམ་རྩི་ས་འཕྲུལ་ཁང་གི་ ལམ་བདའ་སྟེ་ མི་སེར་སྟོང་ཕྲག་ལས་བཅད་མི་ཚུ་གིས་ ཕེབས་བསུ་ཞུ་ཡི་ཟེར་ཨིན་པས།
དྲུང་ཆེན་དང་འཁྲིལ་བ་ཅིན་ ཧེ་མ་ ངང་ལམ་དྲུང་ཁག་ནང་ ཡན་ལག་གྲྭ་ཚང་ཅིག་ཡང་ མེད་ཟེར་ཨིནམ་ད་ དུས་ཅི་ གྲྭ་ཚང་གསར་སྒྲུབ་ཀྱི་རབ་གནས་དང་འཁྲིལ་ རྫོང་ཁག་གི་སྨོན་ལམ་ཆེན་མོ་ཡང་ ངང་ལམ་ལུ་ འགོ་འདྲེན་འཐབ་ནིའི་ལས་རིམ་ཡོད་ཟེར་ཨིན་པས།
རྫོང་ཁག་སྲོལ་འཛིན་འགོ་དཔོན་ ནོར་བུ་བསྟན་འཛིན་གྱིས་ སླབ་མིའི་ནང་ རྫོང་ཁག་ཚོགས་འདུའི་ གྲོས་ཆོད་དང་འཁྲིལ་ དུས་ཅི་ རྫོང་ཁག་གི་སྨོན་ལམ་ཆེན་མོ་དེ་ ངང་ལམ་དྲུང་ཁག་ནང་ འགོ་འདྲེན་འཐབ་ནི་ཨིན་ཟེར་ཨིན་པས།
རབ་སྡེ་གིས་ ལོ་བསྟར་བཞིན་དུ་ གསོལ་ཐབ་དེ་ ནམ་བྱཱར་ཡོང་ལ་དགོན་པ་དང་ ནམ་དགུན་ལུ་པདྨ་དགའ་ཚལ་རྫོང་ནང་ བྱོན་སྲོལ་ཡོད་རུང་ དུས་ཅི་ ནམ་དགུན་ལུ་ངང་ལམ་དྲུང་ཁག་ནང་ གསོལ་ཐབ་བྱོན་ཡོདཔ་ཨིན་པས།
པདྨ་དགའ་ཚལ་རབ་སྡེ་གིས་ སང་ཕོད་ལས་ ངང་ལམ་ལུ་ གསོལ་ཐབ་བྱོན་ནི་དེ་ ཏན་ཏན་མེད་ཟེར་ དྲུང་ཆེན་གྱིས་ བཤད་པའི་ཁར་ དེ་ཡང་ ངང་ལམ་ལུ་ ཡན་ལག་གྲྭ་ཚང་ཅིག་ གཞི་བཙུགས་འབད་ནི་དེ་གིས་ཨིནམ་ད་ ཡན་ལག་གྲྭ་ཚང་ནང་ བླམ་བསྐོ་བཞག་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
རབ་སྡེ་གིས་ ཟླཝ་ཕྱེད་དང་༣ དེ་ཅིག་ ངང་ལམ་ལུ་ སྡོད་འོང་ཟེར་ དྲུང་ཆེན་གྱིས་ བཤད་པའི་ཁར་ ཡན་ལག་གྲྭ་ཚང་དེ་ སྤྱི་ལོ་༢༠༡༥ ལས་ བཞེངས་ནི་འགོ་བཙུགས་ཡོདཔ་བཞིན་དུ་ གསར་བསྒྲུབས་ཀྱི་རབ་གནས་དེ་ དུས་ཅི་ གནང་ནི་ཨིན་པའི་གནས་ཚུལ།
གནས་བརྟན་རྡོ་རྗེ།