ཁ་ཙ་ པདྨ་དགའ་ཚལ་རྫོང་ཁག་ མཁར་-གཡུ་རུང་འདེམས་ཁོངས་ཀྱི་ འགོ་དཔོན་དང་ ཉེན་སྲུང་ལྟ་རྟོག་པ་ཚུ་ ཚོགས་རྒྱན་ས་ཁོངས་ནང་ འགྱོ་བའི་བསྒང་།

པདྨ་དགའ་ཚལ་གྱིས་ བཙག་འཐུའི་དོན་ལུ་ གྲ་སྒྲིག་ཡོདཔ།

༉ སྤྱི་ལོ་༢༠༡༨ ཀྱི་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དེ་ ནངས་པ་འགོ་འདྲེན་འཐབ་ནི་ཨིནམ་ལས་ པདྨ་དགའ་ཚལ་ལུ་ བཙག་འཐུའི་དོན་ལུ་ གྲ་སྒྲིག་སོང་ཡོདཔ་བཞིན་དུ་ སྤྱི་ཟླ་༩ པའི་ཚེས་༡༢ དང་༡༣ ལུ་ འདེམས་ཁོངས་༣ གྱི་ ཚོགས་རྒྱན་ས་ཁོངས་༦༠ ནང་ ཚོགས་རྒྱན་འགོ་དཔོན་༢༨༣ དང་ ཉེན་སྲུང་ལྟ་རྟོག་པ་༢༠༣ ས་ཁོངས་ཚུ་ནང་ བཏང་ཡོདཔ་ཨིན་པས།

སྡེ་ཚན་ཚུ་ དེ་ཚེ་ར་ ཁོང་རའི་ས་ཁོངས་ཚུ་ནང་ ལྷོད་ཡོདཔ་བཞིན་དུ་ བཙག་འཐུའི་དོན་ལུ་ གྲ་སྒྲིག་སོང་ཡོདཔ་ད་ འགོ་དཔོན་དང་ ཉེན་སྲུང་ལྟ་རྟོག་པ་ཚུ་ ཚོགས་རྒྱན་ས་ཁོངས་ཚུ་ནང་ བསྐྱལ་ནིའི་དོན་ལུ་ རྫོང་ཁག་བདག་སྐྱོང་གིས་ སྐྱེལ་འདྲེན་ཞབས་ཏོག་ཚུ་ གྲ་སྒྲིག་འབད་ཡོདཔ་ཨིན་པས།

པདྨ་དགའ་ཚལ་རྫོང་ཁག་ནང་ ཚོགས་རྒྱན་ས་ཁོངས་༦༠ ཡོད་མི་དེ་ཡང་ ངང་ལམ་འདེམས་ཁོངས་ནང་ ཚོགས་རྒྱན་ས་ཁོངས་༡༨ དང་ མཁར་-གཡུ་རུང་འདེམས་ཁོངས་ལུ་༢༥ དེ་ལས་ ན་ནོང་-ཤུ་མར་འདེམས་ཁོངས་ནང་འབད་བ་ཅིན་ ཚོགས་རྒྱན་ས་ཁོངས་༡༧ ཡོདཔ་ཨིན་པས།

ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ བསོད་ནམས་བུམ་ཏཔ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁ་ཙ་ ཚོགས་རྒྱན་ས་ཁོངས་༡༧ གྱི་དོན་ལུ་ ཚོགས་རྒྱན་འགོ་དཔོན་༨༣ དང་ ཉེན་སྲུང་ལྟ་རྟོག་པ་༥༡ བཏང་ཡི་ཟེར་ཨིནམ་ད་ ཚོགས་རྒྱན་ས་ཁོངས་རེའི་ནང་ ཚོགས་རྒྱན་འཕྲུལ་ཆས་༢ རེ་ བཏང་ཡོདཔ་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་མིའི་ གྱངས་ཁ་དང་བསྟུན་ ཚོགས་རྒྱན་ས་ཁོངས་༡༣ ནང་ འགོ་དཔོན་༥ རེ་དང་ ས་ཁོངས་༤ ནང་ འགོ་དཔོན་༤ རེ་ ཡོདཔ་བཞིན་དུ་ ཉེན་སྲུང་ལྟ་རྟོག་པ་༣ རེ་ཡོདཔ་ད་ ཚོགས་རྒྱན་འཕྲུལ་ཆས་དེ་ སྤྱི་ཟླ་༩ པའི་ཚེས་༡༠ ལུ་ ཐིའུ་རྐྱབ་ཅི་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཁ་ཙ་ཚུན་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ ཕོ་སྐྱེས་༦༠༤ དང་ ཨམ་སྲུ་༦༨༤ འབདཝ་ད་ བསྡོམས་༡,༢༨༨ དང་ འགྲེམ་ཐོག་ཚོགས་རྒྱན་༧༡༩ ཐོབ་ཡོདཔ་ད་ ཚོགས་རྒྱན་བཙུགས་མི་༨༣༡ གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་ཡོདཔ་ཨིན་པས།

དེ་ལས་ ངང་ལམ་དྲུང་ཁག་ ངང་ལམ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་གྱིས་ སླབ་མིའི་ནང་ སྤྱི་ཚེས་༩ ལུ་ ཚོགས་རྒྱན་འཕྲུལ་ཆས་ཚུ་ ཐིའུ་རྐྱབ་སྟེ་ སྤྱི་ཚེས་༡༢ ལུ་ ཚོགས་རྒྱན་འགོ་དཔོན་༨༤ དང་ ཉེན་སྲུང་ལྟ་རྟོག་པ་ཚུ་ ཚོགས་རྒྱན་ས་ཁོངས་༡༨ ནང་ བཏང་ཡི་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ འགོ་དཔོན་དང་ ཉེན་སྲུང་ལྟ་རྟོག་པ་ཚུ་ ཆོས་འཁོར་གླིད་རྒེད་འོག་ ཨར་ལྡན་ཚོགས་རྒྱན་ས་ཁོངས་ནང་ དུས་ཡུན་ཆུ་ཚོད་༥ ལྷགཔ་ཅིག་ རྐང་སྟོང་སྦེ་ འགྱོ་དགོཔ་ལས་ གདོང་ལེན་འདུག་ཟེར་ཨིནམ་ད་ ཨར་ལྡན་ལུ་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༦༨ ཐོ་བཀོད་འབད་ཡོདཔ་ཨིན་པས།

ཁ་ཙ་ཚུན་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ མི་གྲངས་༥༤༧ ཐོ་བཀོད་འབད་མི་ལས་༥༠༠ དང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༡,༦༨༨ ཐོབ་ཅི་ཟེར་ཨིནམ་ད་ ད་རིས་ ཕྱི་རུའི་ཆུ་ཚོད་༥ གི་ནང་འཁོད་ལུ་ ད་རུང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ལྷོད་ནིའི་ རེ་བ་བསྐྱེད་དོ་ཟེར་ ངོས་ལེན་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ཁ་ཙ་ མཁར་-གཡུ་རུང་འདེམས་ཁོངས་ཀྱི་ འགོ་དཔོན་དང་ ཉེན་སྲུང་ལྟ་རྟོག་པ་ཚུ་ རྫོང་ཁག་བཙག་འཐུ་འགོ་འདྲེན་པ་ གཙོ་འཛིན་འོགམ་གིས་ བཙག་འཐུའི་ལམ་ལུགས་ལ་སོགས་པ་ཚུ་གི་སྐོར་ གོ་བརྡ་སྤྲོད་ཚར་བའི་ཤུལ་ལུ་ ངོས་ལེན་འགོ་དཔོན་ འཇིགས་མེད་རྡོ་རྗེ་གིས་ ཚོགས་རྒྱན་འགོ་དཔོན་༡༡༦ དང་ ཉེན་སྲུང་ལྟ་རྟོག་པ་༧༥ ཚོགས་རྒྱན་ས་ཁོངས་༢༥ ནང་བཏང་ཡི།

ཁོ་གིས་འབད་བ་ཅིན་ གདུང་སྨིན་རྒེད་འོག་ འུང་བོ་རང་གི་ ཚོགས་རྒྱན་ས་ཁོངས་དེ་ མཐའ་ཟུར་ཅིག་འབདཝ་ལས་ འཁོར་ལམ་གྱི་ མཐུད་སྦྲེལ་ཡོད་ས་ལས་ ཆུ་ཚོད་༦ དང་༧ དེ་ཅིག་ རྐང་སྟོང་སྦེ་ འགྱོ་དགོཔ་མ་ཚད་ ཡུ་རི་གཙང་ཆུ་ཚར་༢༡ དེ་ཅིག་ ལོག་ཅི་ར་ བརྒལ་འགྱོ་དགོཔ་ལས་ གཙང་ཆུ་བྲེས་ཡོད་མི་ལུ་བརྟེན་ ཉེན་ཁ་འདུག་ཟེར་ཨིན་པས།

ཁ་ཙ་ཚུན་ ངོས་ལེན་འགོ་དཔོན་ཡིང་ཚང་གིས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༦༩༦ དང་ འགྲེམ་ཐོག་ཚོགས་རྒྱན་༩༩༨ ཐོབ་ཅི་ཟེར་ཨིནམ་ད་ ད་རིས་ ཕྱི་རུའི་ཆུ་ཚོད་༥ གི་ནང་འཁོད་ལུ་ ད་རུང་ལྷོད་ནིའི་ རེ་བ་བསྐྱེད་དོ་ཟེར་ ཨིན་པའི་གནས་ཚུལ།

ངང་ལམ་ལས་ སྐལ་བཟང་དབང་ཕྱུག།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *