༉ ངང་ལམ་དྲུང་ཁག་ པད་དཀར་ཆོས་གླིང་གྲྭ་ཚང་གི་ རྟེན་འབྲེལ་ཐང་ནང་སྦེ་ ཉིནམ་༣ གྱི་རིང་ མི་མང་ལུ་ ཚེས་བཅུའི་གར་འཆམ་གནང་མི་དེ་ ཁ་ཙ་དྲོ་པར་ ཨྱོན་གུ་རུ་རིན་པོ་ཆེའི་ མཐོང་གྲོལ་མཇལ་ཁ་གནང་པའི་ཁར་ ཉིན་མར་ གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ཚུ་ མཇལ་ཁ་གནང་ཐོག་ལས་ གྲོལ་ཡོདཔ་ཨིན་པས།
ཉིནམ་མཇུག་གི་ ཚེས་བཅུ་སྐབས་ ངང་ལམ་དྲུང་ཁག་གི་ རྒེད་འོག་དང་ ཉེ་འདབས་ཀྱི་རྒེད་འོག་ དེ་ལས་ མོང་སྒར་རྫོང་ཁག་གི་ རྒེད་འོག་ཚུ་ནང་ལས་ དད་ཅན་བརྒྱ་ལས་བཅད་དེ་ དབང་དང་ བྱིན་རླབས་ཞུ་བར་ འཛོམས་ཡོདཔ་ཨིན་པས།
ཁ་ཙ་དྲོ་པར་ བོད་འཆམ་རྐྱབ་མི་ཚུ་གིས་ ཝང་གཞས་དང་ སྐྱེལ་འཆམ་ ཕོ་ལེགས་མོ་ལེགས་ དེ་ལས་ དགྲ་མེད་རྩེ་རྔ་འཆམ་ཚུ་ སྟོན་ཡོདཔ་ད་ དགེ་འདུན་གྱི་ཁ་ཐུག་ལས་ གཤིན་རྗེ་ཡབ་ཡུམ་གྱི་ སྐུ་འཆམ་ མཇལ་ཁ་གནང་པའི་ཤུལ་ལུ་ ཉིན་མ་གུ་རུ་མཚན་བརྒྱད་ཀྱི་སྐུ་འཆམ་ཚུ་ མཇལ་ཁ་གནངམ་མ་ཚད་ རྔ་བཅུ་དཔའ་བཅུ་དང་ རིགས་མ་བཅུ་དྲུག་ ཤཝ་ཤ་ཁྱི་ དེ་ལས་ དཔའ་འཆམ་ཚུ་ སྟོན་ཡོདཔ་ཨིན་པས།
འདི་དང་འདྲཝ་སྦེ་ ཚེས་བཅུ་ཉིནམ་༢ པའི་ནང་ དུར་བདག་དང་ གཏུམ་རྔམ་ གིང་ཚོགས་གླིང་ དེ་ལས་ རཀྴ་དམངས་འཆམ་ཚུ་ མཇལ་ཁ་གནང་པའི་ཁར་ ཉིནམ་དང་པའི་སྐབས་ གཤིན་རྗེ་ཡབ་ཡུམ་དང་ ཤ་ཙམ་ ཞྭ་ནག་ དམ་ཚིག་ཉུལ་ལས་མ་ དཔལ་གླིང་གིང་༣ དང་ ཐུགས་སྤྲོའི་གླུ་གཞས་ཚུ་ ཕུལ་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་མི་ དྲུང་ཁག་གི་ ཚེས་བཅུའི་གར་འཆམ་དེ་ དུས་ཅི་ཐེངས་༥ པ་ཨིནམ་ད་ འདས་པའི་ལོ་༢ ཚུན་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ འགོ་འདྲེན་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཚེས་བཅུ་དེ་ དྲུང་ཁག་ནང་ཡོད་པའི་ འཆམ་དང་ ཞབས་ཁྲ་རྐྱབ་མི་ ཕོ་སྐྱེས་དང་ ཨམ་སྲུ་ དེ་ལས་ དགེ་སློང་ཚུ་གིས་ རྐྱབ་དོ་ཡོདཔ་ལས་ ཉིནམ་༣ གྱི་རིང་ དྲུང་ཁག་ཡིག་ཚང་དང་ རྒེད་འོག་ཡིག་ཚང་ཚུ་ ངལ་གསོ་སྦེ་ བཞགཔ་ཨིན་པས།
ཉིནམ་༣ གྱི་རིང་ ཚེས་བཅུ་དེ་ དཔལ་དཀར་ཆོས་གླིང་དགྲ་ཚང་བླམ་གིས་ དབུ་བཞུགས་ཐོག་ དྲུང་པ་དང་ ལས་སྡེ་ཁག་གི་ ཞི་གཡོག་འགོ་དཔོན་ རྒེད་འོག་གི་རྒཔོ་དང་ བདག་སྐྱོང་ ས་གནས་གཞུང་གི་འགོ་ཁྲིདཔ་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་གི་ འགོ་དཔོན་ཚུ་གིས་ཡང་ གྲལ་གཏོགས་འབད་ཡོདཔ་ཨིན་པས།
དྲུང་ཁག་གི་ བདེ་ཆོས་གླིང་རྒེད་འོག་རྒཔོ་ སྦྱིན་པ་གིས་ སླབ་མིའི་ནང་ ཚེས་བཅུ་ཉིནམ་མཇུག་དང་འཁྲིལ་ ཧ་ལམ་ དད་ཅན་མི་སེར་སྟོང་ཕྲག་༧ ལྷགཔ་ཅིག་གིས་ ཨྱོན་གུ་རུ་རིན་པོ་ཆེའི་མཐོང་གྲོལ་དང་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་མཇལ་ཁ་ཞུ་བར་ འཛོམས་ནུག་ཟེར་ཨིན་པས།
ལྷག་པར་དུ་ དྲུང་ཁག་ནང་ ཚེས་བཅུའི་གར་འཆམ་གཞི་བཙུགས་འབད་དེ་ ལོ་དག་པ་ཅིག་ལས་བརྒལ་ མ་སོང་མི་དང་ ཚེས་བཅུའི་བྱིན་རླབས་ལུ་བརྟེན་ མི་སེར་ཚུ་ སྤུངས་འཛོམས་འབད་ནུག་ཟེར་ བཤད་ཡོདཔ་མ་ཚད་ ལྟདམོ་བལྟ་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་ཡང་ བྱིན་རླབས་ཞུ་ནི་དང་ རྒྱལ་ཁབ་ཀྱི་ ནད་ཡམས་ཞི་སྟེ་ དཔལ་ཕུན་སུམ་ཚོགས་ནིའི་དོན་ལུ་ སྨོན་ལམ་བཏབ་པར་འོང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ ཚེས་བཅུ་མཇལ་བར་འོང་མི་ཚུ་གིས་ སླབ་མིའི་ནང་ དྲུང་ཁག་ནང་ ཚེས་བཅུའི་གར་འཆམ་ མཇལ་ཁ་གནང་ནི་དེ་ དུས་ཚོད་བཟང་ཤོས་ཅིག་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིནམ་ད་ ད་རེས་ གནམ་གཤིས་ལེགས་ཤོམ་ཡོད་པའི་ཁར་ ཚ་དྲོད་ལྡན་ སློབ་ཕྲུག་ཨ་ལོ་ཚུ་ གནམ་དགུན་གྱི་ ངལ་གསོ་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
དྲུང་ཁག་དེ་ ས་མཚམས་ཁར་ ཆགས་ཏེ་ཡོདཔ་ལས་ ཚེས་བཅུའི་གར་འཆམ་ཚུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནིའི་ དམིགས་ཡུལ་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།