དོན་ཧིང་དང་འབྲེལ་བའི་ ནད་གཞི་ཚུ་ལུ་ ཕན་ཐོགས་བྱུང་མི་ པད་གླིང་སྨན་ཆུ།

པད་གླིང་སྨན་ཆུ་ནང་ མཐུན་རྐྱེན་ཚུ་ བཟོ་སྐྲུན་འབད་དོ་ཡོདཔ།

༉ ལོ་༢ ཀྱི་ཧེ་མར་ དར་དཀར་ནང་ རྩེ་ཟ་རྒེད་འོག་ པད་གླིང་ལས་ སྐྱེས་ལོ་༦༢ ལང་མི་ ཐུགས་རྗེ་དབང་མོ་དེ་ དོན་ཧིང་དང་འབྲེལ་བའི་ ནད་གཞི་ཐོབ་ཡོདཔ་ལས་ སྨན་ཁང་ནང་ ཡུན་རིངམོ་སྦེ་ར་ སྡོད་དགོཔ་བྱུང་ཡོདཔ་ཨིན་པས།

ཨིན་རུང་ ཚར་གཅིག་འབདཝ་ད་ ས་གནས་ནང་ཡོད་མི་ སྨན་ཆུ་དེ་གིས་ གཟུགས་ཚར་༢ འཁྱུ་བའི་ཤུལ་ལས་ དྲག་སོ་ཡི་ཟེར་ མོ་རའི་རྨགཔ་ ཕུརཔ་རྒྱལ་མཚན་གྱིས་ སླབ་ཨིན་པས།

རྒས་ཤོས་ཚུ་གིས་ སླབ་མིའི་ནང་ སྨན་ཆུ་དེ་ གནམ་ཐོན་ཡོདཔ་ཨིན་ན་ མི་ཤེས་པས་ཟེར་ཨིནམ་ད་ སྨན་ཆུ་དེ་གིས་ དོན་ཧིང་དང་འབྲེལ་བའི་ནད་གཞི་དང་ འབྲུམ་ནད་དང་ བན་ཀན་གྱི་ནད་གཞི་ དེ་ལས་ རྐང་ཚིགས་ལག་ཚིགས་ལ་སོགས་པ་ཚུ་ དྲག་ནི་ཡོད་ཟེར་ ས་གནས་ཀྱི་མི་ཚུ་གིས་ ཡིད་ཆེས་བསྐྱེདཔ་ཨིན་པས།

སྨན་ཆུ་སྦང་སྟེ་ དུས་ཡུན་སྐར་མ་༣༠ འི་ ནང་འཁོད་ལུ་ར་ དེའི་ཕན་ཐོགས་ཚུ་ ཚོར་ནི་ཡོད་ཟེར་ མི་ཅིག་གིས་ སླབ་ཨིན་པས།

ས་གནས་དེ་ མཐའ་ཟུར་ལུ་འབད་ནི་དེ་གིས་ འོང་མི་གངམ་མེད་པའི་ཁར་ ཕྱི་ཁའི་མི་ཚུ་གིས་འབད་རུང་ མི་ཤེས་དོ་ཡོདཔ་ཨིན་པས།

སྐྱེས་ལོ་༦༩ ལང་མི་ དགའ་ཚེ་གིས་ སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་༢ ཀྱི་ཧེ་མར་ སྨན་ཆུ་སྦང་བར་ ཚར་གཅིག་ལྷོད་ཡོདཔ་ད་ ཧེ་མ་ འཁོར་ལམ་མེད་ནི་དེ་གིས་ དཀའཝ་སྤྱད་དེ་ འགྱོ་དགོ་ཟེར་ཨིནམ་ད་ ཤིང་དང་རྡོ་ཡང་ ས་ཐག་རིང་ས་ལས་ ལེན་འབག་དགོ་ཟེར་ཨིན་པས།

ས་གནས་ནང་ སྨན་ཆུ་སྦང་སའི་ ཝ་རྐྱངམ་གཅིག་མ་གཏོགས་ གཞི་རྟེན་གྱི་མཐུན་རྐྱེན་ཚུ་ ག་ནི་ཡང་མེད་རུང་ ད་རེས་ མགྱོན་ཁྱིམ་དང་ བཟོ་སྐྲུན་གྱི་ལཱ་ཚུ་འབད་དོ་ཡོདཔ་ལས་ ད་ལས་ཕར་ སྨན་ཆུ་སྦང་བར་ འོང་མི་ཚུ་ སྟབས་བདེ་ནི་ཨིན་པས།

དངུལ་ཀྲམ་ས་ཡ་༢ འབད་མི་ ལས་འགུལ་དེ་གིས་ ཝ་དང་ གསང་སྤྱོད་རྐྱབ་ནི་ དེ་ལས་ མགྱོན་ཁྱིམ་དང་ འཁོར་ལམ་ཚུ་ བཟོ་སྐྲུན་འབད་ནི་ཨིནམ་ད་ འཁོར་ལམ་འབད་བ་ཅིན་ པད་གླིང་གཡུས་ཚན་ལས་ སྨན་ཆུ་ཁ་ཐུག་ ཀི་ལོ་མི་ཊར་༡ ལྷགཔ་ཅིག་ བསལ་ཡོདཔ་ཨིན་པས།

ལས་འགུལ་དེ་ རྒེད་འོག་གི་འཆར་གཞི་ནང་ལས་ གཙོ་རིམ་ཅན་ཅིག་ཨིན་ཟེར་ རྩེ་ཟ་རྒཔོ་ ཕུར་པ་གིས་ བཤད་པའི་ཁར་ གོང་འཕེལ་གྱི་ལཱ་ཚུ་ ལེགས་ཤོམ་འགྱོ་དོ་ཡོདཔ་ལས་ ལས་འགུལ་དེ་ དུས་ཅི་གི་རྩིས་ལོ་ནང་ མཇུག་བསྡུ་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སྨན་ཆུ་དེ་གིས་ ཕན་ཐོགས་ཡོད་རུང་ འཁོར་ལམ་དང་ གཞན་མི་མཐུན་རྐྱེན་ཚུ་ མེད་ནི་དེ་གིས་ དེ་ཅིག་ར་ ཡོངས་གྲགས་མེད་ཟེར་ཨིནམ་ད་ མཐུན་རྐྱེན་ཚུ་ བསྒྲུབ་ཚར་བའི་བསྒང་ལས་ མི་ལེ་ཤ་འོང་བའི་ རེ་བ་ཡོད་ཟེར་ཨིན་པས།

ས་གནས་ནང་སྡོད་མི་ ཀརྨ་ཟླ་བ་གིས་ སླབ་མིའི་ནང་ འཁོར་ལམ་ལྷོད་ནི་དེ་གིས་ ཐབ་ཤིང་འཐུ་ནི་དང་ རྡོ་འཚོལ་ནི་དེ་ ལཱ་ཁག་མི་རྐྱབ་ནི་མས་ཟེར་ཨིན་པས།

ས་གནས་ཀྱི་ མི་རྐྱངམ་གཅིག་མེན་པར་ དར་དཀར་ནང་དང་ དབང་འདུས་ཀྱི་བར་ན་ འཁོར་ལམ་མཐུད་སྦྲེལ་འབད་བའི་བསྒང་ལས་ འགྲུལ་པ་ཚུ་གིས་འབད་རུང་ སྨན་ཆུ་སྦང་བར་འོང་སྟེ་ ཕན་ཐོགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ རྒེད་འོག་ལྟེ་བ་ལས་ པད་གླིང་སྨན་ཆུ་དེ་ ཀི་ལོ་མི་ཊར་༡༩ དེ་ཅིག་ཡོད་ཟེར་ རྒཔོ་གིས་ སླབ་ཨིན་པའི་གནས་ཚུལ།

About admin

Check Also

ཨ་ལོའི་གླིང་ག་ ཉེན་སྲུང་མེད་མི་ལུ་བརྟེན་ ཕམ་ཚུ་ ཚ་གྱང་ལང་དོ་ཡོདཔ།

༉ བཀྲིས་སྒང་ཁྲོམ་གྱི་སྦུག་ལུ་ཡོད་པའི་ ཨ་ལོའི་གླིང་གི་ཅ་ཆས་ཚུ་ མེདཔ་ཐལ་མི་ལུ་བརྟེན་ ཨ་ལོ་ཚུ་ རྩེདམོ་རྩེད་བའི་སྐབས་ ཉེན་སྲུང་ག་ནི་ཡང་ མིན་འདུག་ཟེར་ཨིན་པས། ཁྲོམ་ཁར་སྡོད་མི་ཚུ་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༨ ལུ་ ཆུ་རུད་ཀྱིས་ མེདཔ་བཏང་པའི་ཤུལ་ལུ་ ཉམས་བཅོས་ཚར་གཅིག་ཡང་མ་འབད་ཟེར་ཨིནམ་ད་ ཉེན་སྲུང་མེད་རུང་ …

Leave a Reply

Your email address will not be published. Required fields are marked *