ནོར་༢,༢༢༤ ལུ་ ཁ་ཚ་རྐང་ནད་བཀག་ནིའི་ སྨན་ཁབ་བཙུགས་ཡོདཔ།

༉ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ ཁ་ཚ་རྐང་ནད་ དར་ཁྱབ་སོང་ནི་དེ་གིས་ ད་ལྟོ་ཚུན་ ནོར་༢,༢༢༤ ལུ་ སྨན་ཁབ་བཙུགས་ཡོདཔ་མ་ཚད་ ནོར་སེམས་ཅན་ཚུ་ ལྟ་རྟོག་འབད་བའི་བསྒང་ཡོདཔ་ཨིན་པས།
སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ སྤྱི་ཟླ་༧ པའི་ཚེས་༢༥ ཚུན་ ནོར་༡༣༣ ལུ་ ཁ་ཚ་རྐང་ནད་ཐོབ་ཡོད་མི་ལས་༡༠ ཤི་ཡོདཔ་ད་ དེའི་གྲས་ལས་༧ བོའུ་ཅུང་ཨིན་པས།
ནད་གཞི་དེ་ ངོ་མ་ར་ སྤ་རོ་ལུ་ ཁྱབ་སྤེལ་སོང་ཡོདཔ་ད་ ད་ཚུན་གྱི་བར་ན་ ལམ་གོང་དང་ བཙན་ཏོག་ དོཔ་ཤར་རི་ དེ་ལས་ ཧཱུྂ་རལ་རྒེད་འོག་༤ གི་ ཁྱིམ་གུང་པ་༣༢ ཀྱི་ ནོར་༡༣༣ ནདཔ་ཐོན་ནུག།
དཀའ་ངལ་དེ་ ལེགས་ཤོམ་སྦེ་ གདོང་ལེན་འབད་ནིའི་དོན་ལུ་ འཕྲལ་ཁམས་ཅིག་ཁར་ སོ་ནམ་བློན་པོ་ཡེ་ཤེས་རྡོ་རྗེ་གིས་གཙོས་པའི་ འགོ་དཔོན་དང་ མཁས་མཆོག་ཚུ་ ནད་གཞི་དར་ཁྱབ་སོང་ཡོད་པའི་ གཡུས་ཚན་ཚུ་ནང་ ལྟ་སྐོར་འབད་ཐོག་ལས་ ནད་གཞི་ལྟ་རྟོག་འབད་ནུག།
ཌོག་ཊར་ བཅོ་ལྔ་ཚེ་རིང་གིས་ སླབ་མིའི་ནང་ ནད་གཞི་དེ་ ས་གནས་གཞན་ཚུ་ནང་ དར་ཁྱབ་མི་འགྱོ་ནིའི་དོན་ལུ་ ནོར་སེམས་ཅན་ཚུ་ལུ་ སྨན་ཁབ་རྐྱབ་དོ་ཟེར་ཨིནམ་ད་ སྨན་ཁབ་ལས་རིམ་དེ་ ངོ་མ་ར་ ནད་གཞི་མ་ཐོབ་མི་ སེམས་ཅན་ཚུ་ བདག་འཛིན་འཐབ་ནིའི་དོན་ལུ་ཨིན་པས།
ལོ་བསྟར་བཞིན་དུ་ ཁ་ཚ་རྐང་ནད་དེ་ རྫོང་ཁག་མང་ཤོས་ཅིག་ནང་ ཐེངས་༡༥ དེ་ཅིག་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ད་ སྒོ་ནོར་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ ནད་གཞི་དེ་ མང་ཤོས་ཅིག་ གནམ་བྱཱར་གྱི་དུས་ཚོད་ལུ་ ཁྱབ་སྤེལ་འགྱོཝ་མས་ཟེར་ཨིནམ་ད་ ད་ཚུན་ རྫོང་ཁག་༢༠ ལས་ ནད་དར་ཁྱབ་མ་སོང་མི་དེ་ རྩི་རང་རྫོང་ཁག་རྐྱངམ་གཅིག་ཨིན་པས།
ད་རེས་ ནད་གཞི་དེ་ ག་ཏེ་ལས་ དར་ཁྱབ་སོང་ཡོདཔ་ཨིན་ན་ ཁ་གསལ་སྦེ་ མ་ཤེས་རུང་ སྒོ་ནོར་འགོ་དཔོན་ཚུ་གིས་འབད་བ་ཅིན་ ལམ་གོང་རྒེད་འོག་ ཆུ་ཁ་གཡུས་ཚན་ལས་ ཁྱབ་སྤེལ་སོང་ཡོད་པའི་དོགས་པ་ ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ནད་གཞི་དེ་ སྤྱི་ཟླ་༧ པའི་ཚེས་༢ ལུ་ གཡུས་ཚན་དེ་ནང་ལས་ ཐོན་པའི་ཤུལ་ལུ་ གནས་ཆུ་ཕུག་གི་ གཡུས་ཚན་ནང་ དར་ཁྱབ་སོང་ནུག་ཟེར་ཨིནམ་ད་ དེ་ཡང་ གཡུས་ཚན་༢ ཀྱི་ནོར་ཚུ་ སླ་བསྲེས་ཏེ་ འཁྱམས་སྡོད་ནི་དེ་གིས་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ སོ་ནམ་པ་ཚུ་གིས་ ནད་གཞི་དེ་ ག་ཏེ་ལས་ དར་ཁྱབ་སོང་ཡོདཔ་ཨིན་ན་ཤེས་རུང་ གསང་བཞག་སྟེ་ སླབ་མི་བཏུབ་པས་ཟེར་ཨིན་པས།
དཀལ་ངལ་དེ་ ལེགས་ཤོམ་སྦེ་ གདོང་ལེན་འབད་ནིའི་དོན་ལུ་ སྤ་རོ་རྫོང་ཁག་བདག་སྐྱོང་དང་ ཆུ་ཁ་ རྩི་མ་གཤམ་ དེ་ལས་ ཐིམ་ཕུག་ གསར་སྦིས་ཐང་ལུ་ སྒོ་ནོར་འགོ་དཔོན་དང་ མཁས་མཆོག་ཚུ་ སྡེ་ཚན་བཟོ་སྟེ་བཞག་ཡོདཔ་ཨིན་པས།
ད་ལས་ཕར་ ནད་གཞི་དེ་ དར་ཁྱབ་འགྱོ་ནི་ལས་ བཀག་ནིའི་དོན་ལུ་ འབྲུག་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱི་ ལས་བྱེདཔ་ཚུ་གིས་ སྒོ་ནོར་ཐོན་སྐྱེད་ཀྱི་རིགས་ཚུ་ ལྟ་ཞིབ་འབད་དོ་ཡོདཔ་ཨིན་པས།
ཁ་ཚ་རྐང་ནད་ཐོབ་པའི་སྐབས་ ནོར་སེམས་ཅན་ཚུ་གི་ ཁ་དང་ལྕེ་ དེ་ལས་ ཕོཝ་ནང་རྨ་ཐོན་ཏེ་ བཞེས་སྒོ་ཟ་མ་ཚུགས་པའི་ དཀའ་ངལ་ཐོན་ཡོདཔ་མ་ཚད་ རྐངམ་ལུ་ཡང་རྨ་ཐོན་ཏེ་ ལམ་འགྱོ་མ་ཚུགས་ནི་དེ་གིས་ ཨོམ་གྱི་ཐོན་ཤུགས་ མར་འབབ་འགྱོ་དོ་ཡོདཔ་ཨིན་པས།
སྒོ་ནོར་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནད་གཞི་དར་ཁྱབ་སོང་བའི་ཤུལ་ལས་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ ལེ་ཤ་གིས་ མར་བབས་སོང་ཡི་ཟེར་ཨིནམ་ད་ ད་ཚུན་ ཨོམ་ལི་ཊར་༢,༠༠༠ ལྷགཔ་ཅིག་ ཚོང་འབྲེལ་འཐབ་ནི་ལས་ བཀག་ཆ་འབད་ཡོད་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *