ཆུ་རུད་འཐོན་ནིའི་ ཉེན་ཁ་ཡོད་མི་ གཙང་ཆི་ལོ་ཁྲོམ།

ནེ་ར་ཨ་མ་རི་ལུ་ ཆུ་བྱག་མེད་མི་ལུ་བརྟེན་ ཆུ་རུད་འཐོན་ནིའི་ཉེན་ཁ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ གཙང་ཆི་ལོ་ཁྲོམ་དེ་ ནེ་ར་ཨ་མ་རིའི་ ཉེ་འདབས་ལུ་ ཆགས་ཡོདཔ་བཞིན་དུ་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་རྐྱབ་པའི་སྐབས་ གཙང་ཆུ་བྲེས་ནིའི་ ཉེན་ཁ་ཡོད་མི་ལུ་བརྟེན་ དེ་ཁར་སྡོད་མི་ཚུ་ ཨ་རྟག་ར་ ཚ་གྱང་ལང་སྟེ་ སྡོད་དོ་ཡོདཔ་ཨིན་པས།
དེ་ཁར་སྡོད་མི་ཚུ་གིས་ ཧེ་མ་ཡང་ ཆ་རུད་འོང་མི་ལུ་བརྟེན་ གཙང་ཆི་ལོ་ཁྲོམ་ག་ར་ འཕྱགས་བདའ་ཡོད་པའི་ ལོ་རྒྱུས་ཡོདཔ་ལས་ རྒེད་འོག་བདག་སྐྱོང་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གཙང་ཆུའི་མཐའམ་བདའ་སྟེ་ ཆུ་བྱག་ཅིག་ རྐྱབ་བྱིན་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ བཤདཔ་ཨིན་པས།
ནེ་ར་ཨ་མ་རིའི་ གཡས་ཁ་ཐུག་ལུ་ ཚོང་པ་༡༠ དེ་ཅིག་ཡོདཔ་བཞིན་དུ་ གཡོན་ཁ་ཐུག་ལུ་ སྒོམ་དར་སློབ་གྲྭ་ལྟེ་བ་དང་ གཞི་རྟེན་སྨན་ཁང་ དེ་ལས་ སྒོམ་དར་རྒེད་འོག་ལྟེ་བ་ཚུ་ ཆགས་ཏེ་འདུག།
གཙང་ཆི་ལོའི་ཚོང་པ་ དཀར་ཅུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རང་བཞིན་དང་འབྲེལ་བའི་རྐྱེན་ངན་དེ་ ནམ་འཐོན་འོང་ག་ སླབ་མ་ཤེས་ནི་དེ་གིས་ ཉིན་ནུབ་མེད་པར་ སེམས་ཚ་གྱང་ལང་སྟེ་ སྡོད་དགོཔ་བཞིན་དུ་ ལྷག་པར་དུ་ ནུབ་མོ་ཞག་ཡང་ མ་ཉལ་བར་ སྡོད་དགོ་པའི་ གནས་སྟངས་ཤརཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཕྲལ་ཁམས་ཅིག་ཁར་ ནར་ཕུང་ལུ་ གཞུང་ལམ་རྒྱ་སྐྱེད་འབད་མི་དང་ རྒྱུན་ཆད་མེད་པར་ ཆརཔ་རྐྱབ་མི་ལུ་བརྟེན་ ནེ་ར་ཨ་མ་རིའི་ གཙང་ཆུ་སྦོམ་ཐལ་ཡོདཔ་མ་ཚད་ ཆུ་རུད་ཡང་ དུམ་གྲ་ཅིག་ འོང་ཡི་ཟེར་ཨིནམ་བཞིན་དུ་ གཞུང་ལམ་རྒྱ་སྐྱེད་འབད་ཚར་བའི་ཤུལ་ལས་ ཕན་ཐོགས་འབྱུང་ནི་ཨིན་རུང་ རྐྱེན་ངན་གྱི་ཐད་ཁར་ ག་ནི་ཡང་ སླབ་མི་ཤེས་པས་ཟེར་ཨིན་པས།
དེ་ལས་ ཚོང་པ་སྐལ་བཟང་ཟླ་བ་གིས་ སླབ་མིའི་ནང་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་གི་ཧེ་མར་ ཆུ་རུད་འོང་མི་ལུ་བརྟེན་ གཙང་ཆི་ལོ་ལུ་སྡོད་མི་ག་ར་ ས་གནས་གཞན་ཁར་ བྱོག་འགྱོ་དགོཔ་ཐོན་ཡོདཔ་བཞིན་དུ་ དེ་ཚུ་སེམས་ཁར་དྲནམ་ད་ ཆརཔ་རྐྱབ་པའི་སྐབས་ འདྲོག་བྱེལ་འཐབ་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ནེ་ར་ཨ་མ་རི་བདའ་སྟེ་ ཆུ་བྱག་ཅིག་ རྐྱབ་གནང་ཚུགས་པ་ཅིན་ གཙང་ཆི་ལོ་ཚོང་པ་ཚུ་རྐྱངམ་གཅིག་ལུ་མེན་པར་ སྤྱིར་བཏང་ག་ར་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
དེ་བཟུམ་སྦེ་ ས་གནས་ནང་སྡོད་མི་ གཞན་ཚུ་གིས་ སླབ་མིའི་ནང་ ནེ་ར་ཨ་མ་རིའི་མཐའམ་བདའ་སྟེ་ ཚོང་པ་རྐྱངམ་གཅིག་མེན་པར་ སློབ་གྲྭ་ལྟེ་བ་དང་ གཞི་རྟེན་སྨན་ཁང་ལ་སོགས་པ་ཚུ་ཡང་ ཆགས་ཡོདཔ་ལས་ རྒེད་འོག་བདག་སྐྱོང་དང་ ཡང་ཅིན་ གཞུང་གི་ཁ་ཐུག་ལས་ ཚ་གྱང་འབག་སྟེ་ ཆུ་བྱག་མ་རྐྱབ་པ་ཅིན་ མ་འོངས་པ་ལུ་ ཉེན་ཁ་ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ཧེ་མ་ལས་ར་ རྒེད་འོག་བདག་སྐྱོང་ལུ་ གནད་དོན་དེ་གི་སྐོར་ ཞུ་བ་ག་དེམ་ཅིག་འབད་རུང་ འཆར་གཞི་༡༠ པ་དང་༡༡ པ་༢ ཆ་རའི་ནང་ མ་ཚུད་པའི་ཁར་ ད་རུང་ ལོ་༥ འི་འཆར་གཞི་༡༢ པའི་ནང་ཡང་ ག་དེ་སྦེ་ ཚུད་ཡོད་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
སྒོམ་དར་རྒཔོ་ བསོད་ནམས་ཚེ་དབང་གིས་ སླབ་མིའི་ནང་ ཆུ་བྱུག་རྐྱབ་དགོ་པའི་སྐོར་ གྲོས་བསྟུན་འབད་ཡི་ཟེར་ཨིནམ་ད་ མ་དངུལ་གྱི་ཐད་ཁར་ འབོར་ཆེ་ཏོག་ཏོ་ དགོཔ་བཞིན་དུ་ རྒེད་འོག་ནང་ མ་དངུལ་དུམ་གྲ་ཅིག་ཡོད་མི་དེ་ ལག་ལེན་འཐབ་སྟེ་ གཞི་འགྱམ་གྱི་ལཱ་ཚུ་འབད་བ་ཅིན་ གོང་འཕེལ་གྱི་ ལས་སྣ་གཞན་ཚུ་ འགོ་འདྲེན་འཐབ་མ་ཚུགས་པའི་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་བྱག་རྐྱབ་དགོ་པའི་སྐོར་ འཆར་གཞི་༡༢ པའི་ནང་ བཙུགས་ཡོདཔ་ཨིན་རུང་ ཆ་མེད་སོང་ཡི་ཟེར་ཨིནམ་ད་ རྒེད་འོག་གིས་ མ་དངུལ་གྱི་དོན་ལུ་ གྲོས་འཆར་བཙུགས་ནི་ཨིནམ་མ་ཚད་ ཆུ་བྱག་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ལས་ གཞུང་གིས་ ཐབས་ལམ་གཞན་ཅིག་ འཚོལ་དགོ་པའི་ ཞུ་བ་འབད་ནིའི་ འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྒོམ་དར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *