ནེ་ར་ཨ་མ་རི་ལས་འགུལ་གྱི་ གས་རྐྱེན་ནང་ རྨ་སྐྱོན་བྱུང་མི་ནདཔ་ གནས་སྟངས་ཚབས་ཆེན་སྦེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་༡༧ གྱི་ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ ཕུངམ་༤ ཆ་ར་ བཏོན་ཏེ་ ཕམ་སྤུན་ཆ་ཚུ་ལུ་ རྩིས་སྤྲོད་ནུག།

༉ བསམ་གྲུབ་ཆོས་གླིང་དྲུང་ཁག་ མར་ཚ་ལ་རྒེད་འོག་ལུ་ཡོད་མི་ ནེ་ར་ཨ་མ་རི་གློག་མེ་ལས་འགུལ་གྱི་ ས་འོག་ཆུ་ལམ་ནང་ གས་རྐྱེན་བྱུངམ་ད་ རྨ་སྐྱོན་སྦོམ་བྱུང་མི་ ལས་མི་དེ་ ད་ལྟོ་ གནས་སྟངས་ཚབས་ཆེན་ཐོག་ལུ་ར་ཡོདཔ་ཨིན་པས།
སྐྱེས་ལོ་༢༦ ལང་མི་ ཕོ་སྐྱེས་དེ་ རྒྱ་གར་གུ་ཝ་ཧ་ཊི་ཊའུན་སྨན་ཁང་ནང་ སྨན་བཅོས་འབད་བའི་བསྒང་ཡོདཔ་ད་ རྐྱེན་ངན་དེ་ སྤྱི་ཟླ་༦ པའི་ཚེས་༡༥ འི་དྲོ་པ་ཆུ་ཚོད་༡༡ དེ་ཅིག་ཁར་ བྱུང་ཡོདཔ་ཨིན་པས།
སྨན་ཁང་གི་ སྙན་ཞུ་དང་འཁྲིལཝ་ད་ གློག་མེ་གིས་ ཉམས་རྒུདཔ་གི་གཟུགས་ བརྒྱ་ཆ་༥༠ དང་༦༠ དེ་ཅིག་ འཚིགས་ཡོདཔ་ལས་ གཟུགས་ཀྱི་ཡན་ལག་ མང་ཤོས་ར་ ཚོར་བ་མེདཔ་ སོང་ཡོདཔ་ལས་ ཚབས་ཆེན་ཁང་མིག་ནང་ བཞག་སྟེ་ཡོད་ཟེར་ཨིན་པས།
བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ ས་འོག་ལམ་ནང་ གས་རྐྱེན་བྱུང་མི་དེ་ གས་རྫས་ལུ་བརྟེན་མེན་པར་ མེ་འཇམ་ཏོང་ཏོ་སྦེ་ འབར་བཏུབ་པའི་ མེ་རླུང་གེསི་ཡོད་མི་ལས་ བྱུང་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ས་འོག་ལུ་ ཆུ་ལམ་བཏོན་མིའི་ནང་ གས་རྐྱེན་འབྱུང་ཉེན་ཡོད་པའི་ མེ་རླུང་ཡོད་ནི་དེ་གིས་ ས་རོ་རྡོ་རོ་ཚུ་ སེལ་བའི་སྐབས་ གེསི་གས་ཡོད་པའི་ བརྡ་མཚོན་ཡོད་མི་དེ་ཡང་ དེ་བསྒང་ གས་རྫས་ལག་ལེན་འཐབ་འཐབ་མེད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ག་འཆརཔ་ཟེར་བ་ཅིན་ རྐྱེན་ངན་དེ་ནང་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་མི་ཚུ་གི་ གཟུགས་ག་ར་ འཚིགས་ཡོད་མི་དེ་གིས་ བརྡ་མཚོན་སྟོནམ་མས་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ དེ་ཚེ་ རྨ་སྐྱོན་བྱུང་མི་ ལས་མི་དེ་ གས་རྐྱེན་བྱུང་མིའི་ ས་ཁོངས་ལས་ མི་ཊར་༤༥༠ དེ་ཅིག་གི་ ས་ཁར་ ཊེག་ཊར་ལག་ལེན་ཐོག་ལས་ ས་རོ་རྡོ་རོ་ཚུ་ སེལ་བའི་བསྒང་ཨིན་རུང་ ཁོ་ཡང་ ཊེག་ཊར་ལས་ མི་ཊར་དག་པ་ཅིག་ བཀོག་བཏང་ཡོདཔ་མ་ཚད་ གཟུགས་བརྒྱ་ཆ་༦༠ དེ་ཅིག་ འཚིགས་ཡོདཔ་ལས་ གས་རྫས་གས་གསཔ་ ཨིན་པ་ཅིན་ ཕོ་སྐྱེས་དེ་ གནོད་སྐྱོན་མི་འབྱུང་ནི་དང་ གཟུགས་ལུ་ འཚིགས་སྐྱོན་ཡང་ བྱུང་དགོཔ་མེད་ཟེར་ཨིན་པས།
གས་རྐྱེན་བྱུང་པའི་ སྐད་གོཝ་ཅིག་ར་ ལས་འཛིན་གྱི་ མི་ཚུ་གིས་ ལས་མི་ཚུ་ ཉེན་སྐྱོབ་འབད་ཚུགས་པའི་ རེ་བ་བསྐྱེད་དེ་ ས་འོག་ལམ་ནང་ འཛུལ་བའི་སྐབས་ དབུགས་གཏོང་ལེན་གྱི་ དཀའ་ངལ་བྱུང་ཡོདཔ་ལས་ ལས་བྱེདཔ་༣ བསམ་གྲུབ་ཆོས་གླིང་གཞི་རྟེན་སྨན་ཁང་ནང་ བསྐྱལ་དགོཔ་ཐོན་ཡི་ཟེར་ཨིན་པས།
བསམ་གྲུབ་ཆོས་གླིང་དྲུང་ཁག་གི་ འགོ་དཔོན་དང་ བསྟན་སྲུང་དམག་མི་ ཁྲིམས་སྲུང་འགག་པ་དང་ དེ་ལས་ རྒེད་འོག་༤ གི་ འགོ་དཔོན་དང་ ས་གནས་ཁག་གི་ མི་ཚུ་གིས་ཡང་ ཉེན་སྐྱོབ་འབད་ནི་གི་ དཔའ་བཅམ་ཡོད་རུང་ ཁོང་ལུ་ཡང་ དབུགས་གཏོང་ལེན་གྱི་ དཀའ་ངལ་བྱུངམ་ལས་ གསོ་བའི་འགོ་དཔོན་ཚུ་གིས་ སྲོག་རླུང་ཚུ་ བཙུགས་དགོཔ་ཐོན་ཡི་ཟེར་ ཁོང་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་ གས་རྐྱེན་དེ་ མེ་ཐེན་མེ་རླུང་གས་ཡོད་པའི་ དོགས་པ་ཡོད་ཟེར་ བཤད་པའི་ཁར་ བསམ་གྲུབ་ཆོས་གླིང་དེ་ ས་གཏེར་ལེ་ཤ་ཡོད་པའི་ ས་ཁོངས་ཅིག་ཨིནམ་བཞིད་དུ་ མེ་ཐེན་དེ་ ཐ་ན་ རླུང་མ་དང་གཅིག་ཁར་རེག་རུང་ མེ་འཇམ་ཏོང་ཏོ་སྦེ་ འབར་མི་དང་ གས་ཉེན་ཡོད་པའི་ མེ་རླུང་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ཁོང་གིས་འབད་བ་ཅིན་ ལས་འཛིན་གྱིས་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་དང་གཅིག་ཁར་ ལས་མི་ག་རའི་ ཉེན་བཅོལ་འབད་དེ་ཡོདཔ་ལས་ ཉེན་བཅོལ་གྱི་ ཐོབ་ལམ་ཚུ་ ཁ་ཙ་ སྤྲོད་ཅི་ཟེར་ཨིནམ་ད་ ནེ་ར་ཨ་མ་རི་གློག་མེ་ལས་འགུལ་གྱི་ ས་དོང་རྐོ་ནིའི་ལཱ་དེ་ ལས་འཛིན་གྱིས་ འབད་དོ་ཡོདཔ་ཨིན་པས།
སྤྱི་ཚེས་༡༦ ལུ་ དྲུང་ཁག་བདག་སྐྱོང་དང་ རྫོང་ཁག་རྐྱེན་ངན་འཛིན་སྐྱོང་ འབྲུག་སླར་བྱུང་གློག་མེ་ལས་འཛིན་གྱི་ འགོ་དཔོན་དང་བདེ་སྲུངཔ་ ཁྲིམས་སྲུང་འགག་པ་ གསོ་བའི་འགོ་དཔོན་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གིས་ རྒྱབ་སྐྱོར་ཐོག་ ཚེ་འདས་༤ གི་ཕུངམ་ཚུ་བཏོན་ཏེ་ ཕམ་སྤུན་ཆ་ཚུ་ལུ་ རྩིས་སྤྲོད་ཡོདཔ་བཞིན་དུ་ མེ་སྦྱང་དེ་ཡང་ ལས་འཛིན་གྱིས་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།

བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *