ནིའུ་ཡོཀ་ལུ་ འབྲུག་གི་གཏན་འཇགས་དོན་གཅོད་ཡིག་ཚང་ནང་ རྩིས་ཞིབ་ཀྱི་ཁྱད་པར་ ལེ་ཤ་ཐོན་ཡོདཔ།

༉ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་འབད་མི་དང་འཁྲིལཝ་ད་ འདས་པའི་རྩིས་ལོ་༢༠༡༦ ལས་༢༠༡༧ དང་ རྩིས་ལོ་༢༠༡༧ ལས་༢༠༡༨ ཚུན་ ནིའུ་ཡོཀ་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ཀྱི་ འབྲུག་གི་གཏན་འཇགས་དོན་གཅོད་ཡིག་ཚང་ནང་ རྩིས་ཞིབ་འབད་བའི་སྐབས་ ཚུལ་མིན་དང་ཁྱད་པར་ཆགས་མི་ཚུ་ མཐོང་ཡོདཔ་ཨིན་པས།
གསོ་བའི་ཟད་འགྲོ་གི་ དངུལ་སྤྲོད་ནང་ཁྱད་པར་ཆགས་མི།
རྩིས་ལོ་དེ་གཉིས་ནང་ དོན་གཅོད་ཡིག་ཚང་གིས་ ཡིག་ཚང་གི་ལས་བྱེདཔ་དང་ འགོ་དཔོན་ཚུ་གི་དོན་ལུ་ གསོ་བའི་ཟད་འགྲོ་ཡུ་ཨེསི་ཌོ་ལར་༤༠༩,༨༣༨.༧༦ བཏང་ཡོདཔ་ཨིན་པས།
རྩིས་ཞིབ་འབད་བའི་སྐབས་ ས་གནས་ནང་ལས་ གདམ་འཐུ་འབད་དེ་བཙུགས་མི་ ལས་བྱེདཔ་གཉིས་ཀྱིས་ ཕྱི་འབྲེལ་དྲུང་ཆེན་གྱིས་ ཡི་གུ་བྱིན་མི་དང་འཁྲིལ་ གསོལ་རས་སྦེ་ ཟླ་རིམ་བཞིན་དུ་ གསོ་བའི་འཐུས་ ཡུ་ཨེསི་ཌོ་ལར་༡༠༠༠ རེ་ ལེན་འབག་ནུག་ཟེར་ཨིན་པས།
གཞུང་ཚབ་སྒྲོལ་མ་ཚེ་རིང་གི་ ཁྱིམ་ནང་ལཱ་འབད་མིའི་དོན་ལུ་ གསོ་བའི་ཟད་འགྲོ་ ཡུ་ཨེསི་ཌོ་ལར་༡༡,༡༡༤.༢༩ དང་ ས་གནས་ནང་ལས་ གདམ་འཐུ་འབད་དེ་བཙུགས་མི་༤ ལུ་ ཟླ་རིམ་གྱི་འཐུས་སྦེ་ གསོ་བའི་ཟད་འགྲོ་དོན་ལུ་ ཡུ་ཨེསི་ཌོ་ལར་༤༣,༤༩༠ བྱིན་ནུག་ཟེར་བཀོད་ནུག།
རྩིས་ཞིབ་ཀྱིས་ དོན་གཅོག་ཡིག་ཚང་གིས་ རྒྱབ་སྣོན་ཡིག་ཆ་ཚུ་མེད་པར་ གསོ་བའི་ཟད་འགྲོ་སྦེ་ ཡུ་ཨེསི་ཌོ་ལར་༥༤,༦༠༤.༩༩ སྤྲོད་ནུག་ཟེར་བཀོད་ནུག།
གཞུང་ཚབ་ཀྱི་ ཁྱིམ་ནང་ལཱ་འབད་མི་གི་ གསོ་བའི་ཟད་འགྲོ་དེ་ཡང་ རྒྱབ་སྣོན་གསོ་བའི་ཉེན་བཅོལ་ཡིག་ཆ་དང་ གསོ་བའི་ཡིག་ཆ་ཚུ་མེད་པར་ གཞན་འཇགས་གཞུང་ཚབ་ཀྱི་ སྒེར་གྱི་རྩིས་ཁྲ་ནང་བཙུགས་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
ཁྱིམ་ནང་ལཱ་འབད་མི་གི་དོན་ལུ་ གསོ་བའི་ཟད་འགྲོ་སྦེ་ ཡུ་ཨེསི་ཌོ་ལར་༡༡,༡༡༤.༢༩ སྤྲོད་མི་དང་ ས་གནས་ཀྱི་མི་༤ ལུ་ ཡུ་ཨེསི་ཌོ་ལར་བསྡོམས་ཀྱིས་༤༣,༤༩༠.༧༠ སྤྲོད་མི་ཚུ་ ཕྱི་འབྲེལ་ཞབས་ཏོག་ཐོབ་ལམ་བཅའ་ཡིག་༢༠༠༢ དང་འཁྲིལཝ་ད་ འགལ་བ་ཨིན་པས།
ཀུན་གསལ་ལུ་ གནས་ཚུལ་བཤད་མི་དང་འཁྲིལཝ་ད་ ཁྱིམ་ནང་ལཱ་འབད་མི་ལུ་ གསོ་བའི་འཐུས་དང་དངུལ་ཕོགས་ཚུ་ ཚངམ་སྦེ་མ་སྤྲོད་པར་འདུག་ཟེར་ཨིནམ་ད་ ས་གནས་ཀྱི་མི་༤ གི་ གསོ་བའི་ཉེན་བཅོལ་དེ་ གཞུང་ཚབ་ཀྱིས་ ཁྱིམ་ནང་ལཱ་འབད་མི་གི་ གསོ་བའི་ཐོབ་ལམ་དང་གཅིག་ཁར་ འགབ་བཞག་ནུག་ཟེར་ཨིན་པས།
ས་གནས་ཀྱི་མི་ཚུ་གི་ གསོ་བའི་ཐོབ་ལམ་ཚུ་ ཁག་འབག་གན་ཡིག་ནང་འགབ་སྟེ་ཡོད་པའི་ཁར་ ཁྱིམ་ནང་ལཱ་འབད་མི་ ལས་མིའི་ཐོབ་ལམ་དེ་ ཕྱི་འབྲེལ་ཞབས་ཏོག་བཅའ་ཡིག་ནང་ འགབ་སྟེ་ཡོདཔ་ཨིན་པས།
རྩིས་ཞིབ་ཀྱི་སྙན་ཞུ་ལུ་ དོན་གཅོད་ཡིག་ཚང་གིས་ བཅའ་ཡིག་དང་འཁྲིལཝ་ད་ ཟླ་རིམ་གསོ་བའི་ཐོབ་ལམ་ཚུ་ སྤྲོད་ཆོགཔ་སྦེ་འདུག་ཟེར་ སླབ་ཡོད་པའི་ཁར་ ཧེ་མ་ལས་ འབད་སྲོལ་ཡོད་མི་སྲོལ་ནང་ཡང་ ས་གནས་ཀྱི་ལཱ་འབད་མི་༦ དང་ ཁྱིམ་ནང་ལཱ་འབད་མི་ལུ་ སྤྲོད་པའི་སྲོལ་འདུག་ཟེར་ སྙན་ཞུའི་ལན་གསལ་འབད་ཡོདཔ་ཨིན་པས།
གཡོག་མོ་གི་གསོ་བའི་ཟད་འགྲོ་སྦེ་ ཡུ་ཨེསི་ཌོ་ལར་༥,༧༩༨.༧༦ དེ་ཅིག་ མི་ངོམ་༢ འགབ་དགོཔ་ལས་ དེ་དང་འཁྲིལ་ སྤྱི་ལོ་༢༠༡༧ གྱི་ཟླཝ་༩ པ་ལས་འགོ་བཟུང་ སོ་སོར་སྦེ་ སྤྲོད་དགོཔ་སྡོད་ནུག་ཟེར་ སྙན་ཞུ་ནང་བཀོད་ནུག།
དོན་གཅོད་ཡིག་ཚང་གིས་ གཡོག་མོ་ལུ་ ཡུ་ཨེསི་ཌི་དངུལ་ཁང་གི་ རྩིས་ཁྲ་མེདཔ་ལས་ ཐད་ཀར་དུ་ སྤྲོད་མ་ཚུགས་ཟེར་སླབ་ཡོད་རུང་ ཀུན་གསལ་གྱིས་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཡུ་ཨེསི་ཨེ་ལུ་སྡོད་པའི་སྐབས་ འགོ་དང་པ་ར་ རྩིས་ཁྲ་དེ་ བཟོ་དགོཔ་ཡོདཔ་སྦེ་མཐོང་ཡི།
དོན་གཅོད་ཡིག་ཚང་གིས་ གནད་དོན་དེའི་སྐོར་ལས་ ལན་རྐྱབ་མི་ལུ་ ངོས་ལེན་འབད་མ་བཏུབ་པའི་ཁར་ ཡིག་ཆ་ཚུལ་མཐུན་མེད་པར་ གཞུང་ཚབ་ཀྱི་ སྒེར་གྱི་རྩིས་ཁྲ་ནང་བཙུགས་མི་ ཡུ་ཨེསི་ཌོ་ལར་༥༤,༦༠༤.༩༩ སྤྲོད་མི་ཚུ་ རྩིས་ཞིབ་ཀྱི་ལམ་ལུགས་ནང་ ངོས་ལེན་འབད་མི་ཚུགས་ཟེར་བཀོད་ནུག།
ཁྱིམ་ནང་ལཱ་འབད་མི་ལུ་ ཟླ་རིམ་གྱི་ཐོབ་ལམ་ཚུ་ ཐོབ་ཡོད་པའི་འབྱོར་འཛིན་ མིང་རྟགས་བཀོད་ཡོད་མི་དེ་ཡང་ རྩིས་ཞིབ་འབད་ཚར་བའི་ཤུལ་ལས་རྐྱངམ་གཅིག་ སྤྲོད་ཡོདཔ་ལས་ དེ་ཡང་ སྤྲོད་དགོ་པའི་ལམ་ལུགས་དང་འཁྲིལ་ མ་སྤྲོདཔ་བཟུམ་སྦེ་ ཆ་བཞག་འོང་ཟེར་བཀོད་ནུག།
རྩིས་ཞིབ་དབང་འཛིན་གྱིས་ དོན་གཅོད་ཡིག་ཚང་གིས་ གསོ་བའི་ཟད་འགྲོ་ཚུ་ཚད་གཞི་བཟོ་ཡོད་མི་ ཡུ་ཨེསི་ཌོ་ལར་༤༨༣.༢༣ བཟོ་ཡོད་མི་དང་འཁྲིལ་ རྒྱབ་སྣོན་ཡིག་ཆ་ཚུ་ ལེན་ཐོག་ལས་ ངོས་ལེན་འབད་དགོ་ཟེར་བཀོད་ནུག།
རྩིས་ཞིབ་དབང་འཛིན་གྱིས་ དོན་གཅོད་ཡིག་ཚང་གིས་ མ་དངུལ་དེ་ཚུ་ མི་ངོམ་ཚུ་ལས་ལོག་ལེན་ནི་དང་ དེ་མིན་ དབང་ཆ་ཡོད་པའི་ཡིག་ཚང་ལས་ ངོས་ལེན་ཡོད་པའི་ཡིག་ཆ་ཚུ་ རྩིས་ཞིབ་འབད་བའི་ཚེ་གྲངས་ལས་འགོ་བཙུགས་ ཟླཝ་༣ གྱི་ནང་འཁོད་ལུ་ བཙུགས་དགོ་པའི་ཁར་ དེ་མིན་ ལོ་བསྟར་བཞིན་དུ་ ཉེས་བྱ་བརྒྱ་ཆ་༢༤ རེ་རྩིས་རྐྱབ་སྟེ་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ ལོག་འཐོབ་ནིའི་རྩིས་ཁྲ་ནང་ བཙུགས་དགོ་ཟེར་བཀོད་ནུག།
དེ་ལས་ རྩིས་ཞིབ་དབང་འཛིན་གྱིས་ དོན་གཅོད་ཡིག་ཚང་གིས་ ཕྱི་འབྲེལ་ལྷན་ཁག་དང་ ཞི་གཡོག་ལྷན་ཚོགས་ དེ་ལས་ དངུལ་རྩིས་ལྷན་ཁག་དང་གྲོས་བསྟུན་འབད་དེ་ ཁྱིམ་ནང་ལཱ་འབད་མི་དང་ ས་གནས་ཀྱི་མི་ངོམ་༤ ལུ་ གསོ་བའི་ཟད་འགྲོ་བཏང་མི་ཚུ་ བསྐྱར་ཞིབ་འབད་དགོ་པའི་ རྒྱབ་སྣོན་འབད་ནུག།
རྩིས་ཞིབ་དབང་འཛིན་གྱིས་ གནད་དོན་དེ་གི་འགན་འཁྲི་དང་ ལྟ་རྟོག་འགན་འཁྲི་ཚུ་ཡང་ གཞུང་ཚབ་བགྲེསཔ་ ཀུན་བཟང་ སི་ རྣམ་རྒྱལ་དང་ ད་ལྟོའི་གཞུང་ཚབ་ སྒྲོལ་མ་ཚེ་རིང་ལུ་ བཀལ་ཡོདཔ་ཨིན་པས།
དེ་ལས་ དོན་གཅོད་ཡིག་ཚང་གི་ སྒེར་གྱི་དྲུང་ཆེན་ ཕྱག་རྡོར་དབང་འདུས་དང་ ཡིག་ཚང་དྲུང་ཆེན་ རྣམ་རྒྱལ་པདྨོ་ དེ་ལས་ དེད་གཡོགཔ་ ཀུན་ལེགས་རྡོ་རྗེ་ཚུ་ཡང་ ཐད་ཁར་གྱི་འགན་འཁྲི་ བཀལ་ཡོདཔ་ཨིན་པས།
བྱིན་མ་ཆོག་པའི་ གསོ་བའི་ཟད་འགྲོ།
གསོ་བའི་ཟད་འགྲོ་ལུ་ དབྱེ་དཔྱད་འབད་བའི་སྐབས་ གཞུང་ཚབ་སྒྲོལ་མ་ཚེ་རིང་ལུ་ ཡུ་ཨེསི་ཌོ་ལར་༨༤༩.༠༤ བྱིན་ཡོདཔ་སྦེ་ མཐོང་ཡོདཔ་ད་ དེ་ནང་ལས་ ཡུ་ཨེསི་ཌོ་ལར་༧༧༥ པགས་ནད་རིག་པ་ལུ་ པགས་ཀོ་དང་སྐྱ་ དེ་ལས་ སེན་མོ་དང་ ཉིནམ་གིས་གནོད་པ་འབྱུང་མི་དང་ ལོ་ན་རྒས་པའི་སྐབས་ཀྱི་ སྨན་བཅོས་དང་འབྲེལ་བའི་མཐུན་རྐྱེན་ཚུ་གི་དོན་ལུ་ བཏང་ཡོདཔ་མཐོང་ནུག།
སྙན་ཞུ་དང་འཁྲིལཝ་ད་ གསོ་བའི་ཟད་འགྲོ་གི་གྲས་ཁར་ པགས་ནད་རིག་པ་དང་འབྲེལ་བའི་ ཟད་འགྲོ་བཏང་ནི་དེ་ འོས་འབབ་མེད་ཟེར་ བཀོད་ཡོདཔ་ད་ རྩིས་ཞིབ་དབང་འཛིན་གྱིས་ རྩིས་ཞིབ་སྙན་ཞུ་དེ་ སྤྱི་ལོ་༢༠༡༨ ཟླ་༧ པའི་ཚེས་༡༡ ལུ་བཟོ་སྟེ་ དོན་གཅོད་ཡིག་ཚང་ལུ་ རྒྱབ་སྣོན་ཡིག་ཆ་ཚུ་ བཏོན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
གནད་དོན་དེ་ལུ་ པགས་ནད་རིག་པ་ལས་ ལག་ཁྱེར་མེདཔ་ལས་ ཡུ་ཨེསི་ཌོ་ལར་༧༧༥ དེ་ དོན་གཅོད་ཡིག་ཚང་གིས་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༡༠ ལུ་ ལོག་སྤྲོད་ཡོདཔ་ཨིན་པས།
ཚུལ་མིན་ཚུ་ གཙོ་བོ་ར་ འགན་འཁྲི་ཡོད་པའི་ལས་བྱེདཔ་དང་ ལྟ་རྟོག་འབད་མི་ འགོ་དཔོན་ཚུ་གིས་ ཚུལ་མཐུན་སྦེ་ མ་འབདཝ་ལས་ ཐོན་ནུག་ཟེར་བཀོད་ནུག།
ཚུལ་མིན་གྱི་ ཕྱི་འབྲེལ་འཐུས་དང་ གཞུང་ཚབ་འཐུས།
ཚེ་རིང་རྒྱལ་མཚན་དཔལ་འབྱོར་དེ་ ཀུ་ཝེཊ་གི་ གཞུང་ཚབ་སྦེ་ བསྐོ་བཞག་འབད་བའི་ཤུལ་ལུ་ སྤྱི་ལོ་༢༠༡༦ ཟླ་༩ པའི་ཚེས་༡༥ ལས་ ནིའུ་ཡོཀ་ལས་ འབྲུག་ལུ་འགྱོ་བའི་སྐབས་ ཁོ་གི་ཐོབ་ལམ་ཚུ་ག་ར་ སྤྲོད་ཡོད་རུང་ དོན་གཅོད་ཡིག་ཚང་གིས་ དངུལ་ཕོགས་དང་འཐུས་ཚུ་ སྤྱི་ཟླ་༡༡ པའི་ཚེས་༡༥ ཚུན་ སྤྲོད་སྡོད་ནུག་ཟེར་ཨིནམ་ད་ དེ་ཡང་ དོན་གཅོད་ཡིག་ཚང་གིས་ ཁོ་གིས་ཐིམ་ཕུག་ལུ་ ལཱ་ཚུ་འབད་མ་ཚར་ནི་དེ་གིས་ཨིནམ་སྦེ་ བཀོད་ཡོད་པའི་ཁར་ གྲོས་འཆར་དེ་ ཕྱི་འབྲེལ་དྲུང་ཆེན་གྱིས་ ཆ་འཇོག་འབད་ཡོདཔ་ཨིན་པས།
ཨིན་རུང་ ཁོ་ར་ སྤྱི་ཟླ་༩ པའི་ཚེས་༡༣ ལས་ སྤྱི་ཟླ་༡༡ པའི་ཚེས་༡༥ ཚུན་ ཟླཝ་༢ འབྲུག་ལུ་སྡོད་ཡོདཔ་ལས་ ཁོ་ལུ་ ཕྱི་འབྲེལ་གྱི་འཐུས་ཚུ་ སྤྲོད་དགོཔ་མིན་འདུག་ཟེར་བཀོད་ནུག།
ཁོ་ལུ་ འཐུས་དང་ངོ་ཚབ་འཐུས་སྦེ་ ཡུ་ཨེསི་ཌོ་ལར་༤༥༦༠ སྤྲོད་ཡོད་མི་དེ་ ལྷན་ཁག་གིས་ ལོག་ལེན་ཏེ་ དབང་འཛིན་གྱི་རྩིས་ཁྲ་ནང་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དོན་གཅོད་ཡིག་ཚང་ལུ་ ཤུལ་ལས་ཡང་ དེ་བཟུམ་ མི་འཐོན་ནིའི་དོན་ལུ་ ནང་འཁོད་བཀག་ཆ་ཐབས་ལམ་ གཞི་བཙུགས་འབད་དགོཔ་སྦེ་ སླབ་སྟེ་ཡོདཔ་ཨིན་པས།
ཚུལ་མིན་ཐོག་ལས་ གསོ་བའི་ཉེན་བཅོལ་སྤྲོད་ཡོདཔ།
རྩིས་ཞིབ་འབད་མི་སྡེ་ཚན་གྱིས་ དོན་གཅོད་ཡིག་ཚང་གིས་ གཞུང་ཚབ་ཚེ་རིང་རྒྱལ་དཔལ་འབྱོར་ལུ་ ཁོ་རའི་ཨམ་སྲུ་ ཧང་ག་རའི་ལུ་ཡོད་མི་ འཛམ་གླིང་སྤྱི་ཚོགས་ རྒྱལ་སྤྱི་ཨ་ལོ་དང་ཤེས་ཡོན་མ་དངུལ་ཡིག་ཚང་ནང་ སྡོད་པའི་སྐབས་ ཉེན་བཅོལ་ཞལ་འདེབས་འབད་ཡི་ཟེར་ ལོག་སྤྲོད་ཡོད་མི་དེ་ཡང་ དོན་གཅོད་ཡིག་ཚང་གིས་ ལོག་སྤྲོད་ནིའི་ཐོབ་ལམ་ཡོད་མེད་སྐོར་ལས་ དངུལ་རྩིས་ལྷན་ཁག་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ ཟླཝ་༣ གྱི་ནང་འཁོད་ལུ་ ཡིག་ཆ་ཚུ་བཙུགས་དགོ་ཟེར་ བཀོད་ཡོད་པའི་ཁར་ དེ་མིན་ མ་དངུལ་དེ་གི་ཐོག་ལུ་ བརྒྱ་ཆ་༢༤ རྩིས་རྐྱབ་སྟེ་ དབང་འཛིན་གྱི་རྩིས་ཁྲ་ནང་ བཙུགས་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཉེན་བཅོལ་ཚུ་ གཞུང་གི་འོང་འབབ་རྩིས་ཁྲ་ནང་ མ་བཙུགས་པར་བཞག་ཡོདཔ།
དོན་གཅོད་ཡིག་ཚང་གི་ འོག་ཐོག་ལུ་ ཆུ་གཏོར་མི་གིས་ མེདཔ་བཏང་བའི་ཤུལ་ལས་ ཡུ་ཨེསི་ཌོ་ལ་༥༠,༥༩༥.༧༠ ཉེན་བཅོལ་ཐོབ་ཡོད་མི་དེ་ རྩིས་དེབ་ནང་ མ་བཀོད་པའི་ཁར་ དོན་གཅོད་ཀྱི་རྩིས་ཁྲ་ནང་ཡང་ མ་བཙུགས་པར་བཞག་ཡོདཔ་སྦེ་ མཐོང་ནུག།
མ་དངུལ་དེ་ མེདཔ་བཏང་མི་ཚུ་ ཉམས་བཅོས་འབད་ནིའི་དོན་ལུ་ཨིནམ་སྦེ་ དོན་གཅོད་ཡིག་ཚང་གིས་ ལན་རྐྱབ་ཡོད་རུང་ ཉམས་བཅོས་ཀྱི་དོན་ལུ་ ཧེ་མ་ལས་ མ་དངུལ་བཞག་སྟེ་ཡོདཔ་ལས་ འོས་འབབ་མ་མཐོང་ནི་དེ་གིས་ དོན་གཅོད་ཡིག་ཚང་གི་འགོ་འཛིན་ བསོད་ནམས་རྒྱལ་མཚན་དེ་ ཐད་ཁར་དུ་ འགན་འཁྲི་བཀལ་ཏེ་ཡོད་པའི་ཁར་ གཞུང་ཚབ་སྒྲོལ་མ་ཚེ་རིང་དེ་ ལྟ་རྟོག་འགན་འཁྲི་གི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
མ་ཆོག་པའི་ཤེས་རིག་གི་འཐུས་སྤྲོད་ཡོདཔ།
རྩིས་ཞིབ་འབད་མི་ཚུ་གིས་ སྤྱི་ལོ་༢༠༡༦ ལས་༢༠༡༧ གྱི་བར་ན་ ལས་བྱེདཔ་ཅིག་ལུ་ ཟླ་རིམ་བཞིན་དུ་ ཡུ་ཨེསི་ཌོ་ལར་༧༥ རེ་ སྤྲོད་ཡོད་པའི་ཁར་ སྤྱི་ལོ་༢༠༡༧ ལས་༢༠༡༨ ཚུན་ ལས་བྱེདཔ་གཉིས་ལུ་ ཨ་ལོའི་ཤེས་ཡོན་གྱི་ འཐུས་སྤྲོད་ཡོདཔ་མཐོང་མི་དེ་ཡང་ སྤྱི་ལོ་༢༠༠༢ ལོའི་ བཅའ་ཡིག་དང་འགལ་ནུག་ཟེར་བཀོད་ནུག།
གནད་དོན་དེ་གི་འགན་འཁྲི་ཚུ་ཡང་ ཐད་ཁར་འགན་འཁྲི་དེ་ དོན་གཅོད་ཡིག་ཚང་གི་བསླབ་སྟོན་པ་ ཀརྨ་ཆོས་གྲགས་དང་ ཡིག་ཚང་གི་འགོ་འཛིན་ ཀུན་བཟང་དང་ བསོད་ནམས་རྒྱལ་མཚན་ལུ་ བཀལ་ཡོདཔ་ཨིན་པས།
འཐུས་ཚུ་ཡང་ སློབ་གྲྭ་ནང་བཙུགས་པའི་ ཡིག་ཆ་ཚུ་མེད་པར་ སྤྲོད་ཡོདཔ།
ཡུ་ཨེསི་ཨེ་ལུ་ ལོ་ངོ་༡༨ ཚུན་ ཤེས་ཡོན་སྟོང་པར་བྱིན་དོ་ཡོདཔ་ལས་ དོན་གཅོད་ཡིག་ཚང་གིས་ ཨ་ལོ་སློབ་གྲྭ་ནང་བཙུགས་པའི་ངོས་འཛིན་ལུ་ སློབ་གྲྭའི་ངོ་སྤྲོད་ལག་ཁྱེར་བཏོན་ཡོད་རུང་ དེ་ལུ་ རྩིས་ཞིབ་དབང་འཛིན་གྱིས་ འོས་འབབ་ཅན་གྱི་ ཨ་ལོའི་ཆོས་རྒྱུགས་ཀྱི་ གྲུབ་འབྲས་དང་ སློབ་གྲྭ་ནང་བཙུགས་པའི་ ཡིག་ཆ་ཚུ་ བཏོན་དགོ་ཟེར་བཀོད་ནུག།
ཉམས་བཅོས་དང་ རྒྱུན་སྐྱོང་གི་ལཱ།
དོན་གཅོད་ཡིག་ཚང་གི་དོན་ལུ་ སྤྱི་ལོ་༢༠༡༧ ལས་༢༠༡༨ ཀྱི་རྩིས་ལོ་ནང་ ཉམས་བཅོས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༡༤.༢༧ བཞག་ཡོདཔ་ཨིན་པས།
དོན་གཅོད་ཡིག་ཚང་གིས་ ཉམས་བཅོས་ལཱ་སྦོམ་ཚུ་བརྩིས་ཏེ་ ཡུ་ཨེསི་ཌོ་ལར་༡༩༧,༠༡༨ ཟད་འགྲོ་བཏང་ཡོད་རུང་ རྩིས་ཞིབ་འབད་བའི་སྐབས་ ལཱ་འབད་ཚར་བའི་ཡིག་ཆ་ཚུ་མེད་རུང་ ཟད་འགྲོ་ཚུ་ དངུལ་འཛིན་ཅེག་གི་ཐོག་ལས་ ཁག་འབག་གན་རྒྱ་དང་འཁྲིལ་ སྤྲོད་ཡོདཔ་སྦེ་ མཐོང་ནུག།
རྩིས་ཞིབ་འབད་བའི་སྐབས་ མཁོ་སྒྲུབ་ཚོགས་ཆུང་དང་གཅིག་ཁར་ ལཱ་འབད་ནིའི་སྐོར་ལས་ གྲོས་བསྟུན་འབད་དེ་ མེདཔ་མཐོང་ཡོདཔ་ད་ མ་འོངས་པའི་ནང་ ཁག་འབགཔ་གིས་ ག་དེ་སྦེ་ ལཱ་ཚུ་འབད་དོ་ཡོདཔ་ཨིན་ན་ཚུ་ བལྟ་ནིའི་དོན་ལུ་ ཚོགས་ཆུང་ཅིག་བཟོ་དགོ་པའི་ རྒྱབ་སྣོན་འབད་ཡོདཔ་ཨིན་པས།
དེ་མ་ཚད་ རྩིས་ཞིབ་དབང་འཛིན་གྱིས་ ཁག་འབག་དང་འབྲེལ་བའི་ ལཱ་འབད་བའི་སྐབས་ ཨིན་བཱོ་ཡེསི་ཐོག་ལས་ སྤྲོད་དགོཔ་སྦེ་ སླབ་ཡོདཔ་ད་ གནད་དོན་དེ་གི་ འགན་འཁྲི་ཐད་ཁར་དུ་ སྒྲིང་ཁྱིམ་ལྟ་རྟོག་པ་ ཇོ་ཇོ་དང་ཡིག་ཚང་གི་ འགོ་འཛིན་བསོད་ནམས་རྒྱལ་མཚན་ དེ་ལས་ ལྟ་རྟོག་གི་འགན་འཁྲི་དེ་ གཞུང་ཚབ་སྒྲོལ་མ་ཚེ་རིང་ལུ་ བཀལ་ཡོདཔ་ཨིན་པས།
ནང་ཆས་མཁོ་སྒྲུབ་ནང་ བརྟག་ཞིབ་ཚུལ་མཐུན་མེདཔ།
རྩིས་ཞིབ་འབད་མི་ཚུ་གིས་ གཞུང་ཚབ་ཀྱི་ གཞུང་འབྲེལ་སྡོད་གནས་ནང་ ནང་ཆས་ཚུ་ བཙུགས་ནིའི་དོན་ལུ་ རིན་བསྡུར་འབད་བའི་སྐབས་ གཞུང་ཚབ་ཀྱིས་ མར་ནི་ སུ་གར་མཱན་བཟོ་ཆས་ དཱན་ལུ་མེན་པར་ ཨེམ་ཨེསི་ རིསི་ཊོ་རེ་ཤཱན་ ཧཌ་ཝེ་ཡར་ཟེར་མི་ལུ་ བྱིན་ཡོདཔ་སྦེ་ མཐོང་ནུག།
དེ་ཡང་ གཞུང་ཚབ་ཀྱིས་ མར་ནི་ སུ་གར་མཱན་བཟོ་ཆས་ དཱན་གྱི་ནང་ཆས་ཚུ་ སྤུས་ཚད་མིན་འདུག་ཟེར་ ཐད་ཀར་དུ་ གཞན་མི་ལུ་ བཀྲམ་སྤེལ་འབད་བཅུག་མི་དེ་ རྩིས་ཞིབ་འབད་མི་ཚུ་གིས་ ལཱ་མ་འཐོབ་མི་ལས་སྡེ་གིས་བཀྲམ་སྤེལ་འབད་མི་ནང་ཆས་ཚུ་ སྤུས་ཚད་ལེགས་ཤོམ་མེད་པའི་སྐོར་ལས་ རྒྱབ་སྣོན་ཡིག་ཆ་ཚུ་ དོན་གཅོད་ཡིག་ཚང་ནང་ བཞག་སྟེ་མིན་འདུག་ཟེར་བཀོད་ནུག།
རྩིས་ཞིབ་འབད་མི་ཚུ་གིས་ སྤུས་ཚད་བྱང་ཉེས་ཡོད་པའི་སྐོར་ལས་ གཞུང་ཚབ་མོ་ར་གིས་ཐག་བཅད་མི་དེ་ལུ་ ངོས་ལེན་འབད་མི་ཚུགས་ཟེར་ཨིནམ་ད་ གཞུང་ཚབ་ཀྱིས་ སྤུས་ཚད་བརྟག་ཞིབ་འབད་མི་དེ་ གཞན་མི་ལུ་ ལཱ་སྤྲོད་ནིའི་དོན་ལུ་ ཚུལ་མིན་འབད་བའི་དོགས་པ་ ཆགས་ཚུགས་པས་ཟེར་ བཀོད་ནུག།
ནང་ཆས་དེ་ལུ་ རྩིས་ཞིབ་འབད་བའི་སྐབས་ ནང་ཆས་ལ་ལོ་ཅིག་ མེད་པའི་ཁར་ ཡུ་ཨེསི་ཌོ་ལར་༣༦,༣༠༨.༧༧ གནས་པའི་ ནང་ཆས་ངེས་ཏིག་མེདཔ་སྦེ་ མཐོང་ཡོདཔ་ད་ ད་རུང་ ལཱ་སྤྲོད་མི་ལས་སྡེ་དེ་ལུ་ ཡུ་ཨེསི་ཌོ་ལར་༢,༧༠༠ ཐེབས་སྤྲོད་ཡོདཔ་མཐོང་ནུག།
དེ་གི་འགན་ཁུར་དེ་ ཐད་ཀར་དུ་ བསོད་ནམས་རྒྱལ་མཚན་དང་ ལྟ་རྟོག་འགན་འཁྲི་དེ་ གཞུང་ཚབ་ལུ་ བཀལ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

འཇོན་ཐངས་ཅན་གྱི་ མི་མང་སྐྱེལ་འདྲེན་དང་ ཞབས་ཏོག་མཁོ་སྤྲོད་འབད་དོ་ཡོདཔ།

༉ ནད་ཡམས་ལུ་བརྟེན་ ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱིས་ ཞབས་ཏོག་ཚུ་མང་ཤོས་ར་ ཡོངས་འབྲེལ་ཐོག་ལས་ ལག་ལེན་འཐབ་པའི་ཁར་ འཇོན་ཐངས་ཅན་སྦེ་ མཁོ་སྤྲོད་འབད་དོ་ཡོདཔ་ཨིན་པས། སྐྱེལ་འདྲེན་ཞབས་ཏོག་དེ་ཡང་ གཙོ་བོ་ར་ མི་སྡེའི་དཔལ་འབྱོར་གོང་འཕེལ་གཏང་ནི་ཨིནམ་ལས་ ལམ་འགྲུལ་དང་སྐྱེལ་འདྲེན་དབང་འཛིན་གྱིས་ དམིགས་དོན་གལ་གནད་ཅན་ཅིག་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་པས། དབང་འཛིན་དང་འཁྲིལ་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *