༉ ན་ཧིང་ དུས་ཚོད་འ་ནེམ་ཅིག་ཁར་ དར་དཀར་ནང་ ནིམ་ཏོ་ལ་སློབ་གྲྭ་ཆུང་བའི་ནང་ ཨ་ལོ་ཚུ་གི་ གཉེར་ཚང་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་ཨིན་རུང་ དུས་ཅི་ལས་འགོ་བཙུགས་ཏེ་ ན་ཧིང་གི་ ཉམས་མྱོང་ལུ་ལྟ་སྟེ་ གཉེར་ཚང་ག་ར་ གྲ་སྒྲིག་སྦེ་ བསྐྱལ་བཞག་སྟེ་ཡོདཔ་ཨིན་པས།
ལོ་ཕྱེད་ཀྱི་ངལ་གསོ་ལས་ ལོག་འཛོམས་ཅིག་ར་ ཆརཔ་རྐྱབ་ནི་གི་ དུས་ཚོད་འགོ་བཙུགས་ཡོདཔ་ལས་ སློབ་གྲྭའི་བདག་སྐྱོང་གིས་ འཛམ་གླིང་བཟའ་སྤྱོད་ལས་རིམ་གྱིས་གནང་མི་ གཉེར་ཚང་ཚུ་ ས་གནས་ནང་སྐྱེལ་འདྲེན་འབད་དེ་ གསོག་འཇོག་འབད་དེ་ བཞག་ཡོདཔ་ཨིན་པས།
སློབ་གྲྭ་གིས་ གཉེར་ཚང་ཚུ་ག་ར་ ས་གནས་ནང་ སྐྱེལ་འདྲེན་འབད་ཚརཝ་ཅིག་ ཆརཔ་ཤུགས་སྦེ་རྐྱབ་སྟེ་ རྡོ་རོ་ནང་རྒེད་འོག་ལྟེ་བའི་ལམ་དེ་ སྣུམ་འཁོར་འགྲོ་འགྲུལ་འབད་མ་བཏུབ་སྦེ་ བསུབས་ཡོདཔ་ཨིན་པས།
དར་དཀར་ནང་ལུ་ ཟླཝ་༡ དེ་ཅིག་གི་རིང་ ཆརཔ་མ་ཆད་པར་རྐྱབ་མི་དེ་གིས་ ས་གནས་ཁག་ལེ་ཤ་ཅིག་ནང་ ལམ་བསུབས་ཏེ་ཡོདཔ་ད་ རྒེད་འོག་ལྟེ་བའི་ ལམ་དེ་ཡང་ སྣུམ་འཁོར་འགྲོ་འགྲུལ་མ་འབད་བར་ ཟླཝ་༢ དེ་ཅིག་ ལང་ཡོདཔ་ཨིན་པས།
ནིམ་ཏོ་ལ་སློབ་གྲྭའི་དབུ་འཛིན་ པདྨ་ཚེ་རིང་གིས་ བཤད་མི་དང་འཁྲིལཝ་ད་ ད་ལྟོ་ ཆརཔ་མ་ཆད་པར་རྐྱབ་དོ་ཡོདཔ་ཨིན་རུང་ སློབ་ཕྲུག་ཚུ་གི་དོན་ལུ་ སྤྱི་ཟླ་༡༠ པ་ཚུན་གྱི་ གཉེར་ཚང་ཚུ་ གསོག་འཇོག་འབད་དེ་ གྲ་སྒྲིག་འབད་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
ན་ཧིང་ སློབ་ཕྲུག་ཨ་ལོ་ཚུ་རྐྱངམ་གཅིག་མེན་པར་ སློབ་དཔོན་དང་ གཞན་ལས་བྱེདཔ་ཚུ་ཡང་ གཉེར་ཚང་མེད་པའི་དཀའ་ངལ་ཐོན་ཡོདཔ་ཨིན་རུང་ ན་ཧིང་གི་ ཉམས་མྱོང་ལུ་བརྟེན་ སློབ་གྲྭའི་སློབ་དཔོན་དང་ ཉེ་འདབས་ཀྱི་ ཚོང་ཁང་ཚུ་ནང་ཡང་ དགོས་མཁོ་ཆེ་བའི་ ཅ་ཆས་ཚུ་ མ་ལང་ལངམ་སྦེ་ བསྐྱལ་བཞག་སྟེ་ཡོད་ཟེར་ཨིན་པས།
ན་ཧིང་ ཆརཔ་རྐྱབ་སྟེ་ ལམ་ཆད་པའི་སྐབས་ལུ་ རྡོ་རོ་ནང་གི་ཁྱིམ་གུང་པ་༢༤ གིས་ གེ་སར་གླིང་སློབ་གྲྭ་ལྟེ་བ་ལས་ ནིམ་ཏོ་ལ་ཚུན་ཚོད་ གཉེར་ཚང་ཚུ་ སྒལ་ཏོག་ཁར་འབག་སྟེ་ སྐྱེལ་དགོཔ་ཐོན་ཡོདཔ་ད་ ཁོང་གིས་འབག་མི་ གཉེར་ཚང་ཚུ་ རྫོགས་པའི་ཤུལ་ལུ་ ཕུན་ཚོགས་གླིང་འབྲུག་བཟའ་སྤྱོད་ལས་འཛིན་ལས་ གནམ་གྲུ་ནང་ བསྐྱལ་ཡོདཔ་ཨིན་པས།
ཨིན་རུང་ སློབ་གྲྭ་དེ་ མཐར་ཟུར་གྱི་ ས་གནས་ནང་ཆགས་ཏེ་ཡོད་ནི་དེ་གིས་ ཨ་ལོ་ཚུ་ལུ་ ཟས་བཅུད་དང་ལྡན་པའི་ བཞེས་སྒོ་བྱིན་ནི་ལུ་ དཀའ་ངལ་བྱུངམ་མས་ཟེར་ཨིནམ་ད་ ཨ་ལོ་ཚུ་ལུ་ ཟླཝ་རེ་ནང་ ཤ་ཚར་རེ་ བྱིན་དོ་ཟེར་ དབུ་འཛིན་གྱིས་ སླབ་ཨིན་པས།
ཨ་ལོ་ཚུ་ལུ་ སྒོང་རྡོག་ཡང་ བྱིན་དོ་ཡོདཔ་ཨིན་རུང་ རྡོ་རོ་ནང་ལུ་ བྱ་གསོ་སྐྱོང་འཐབ་མི་མེདཔ་ལས་ ཆརཔ་ཆད་ཞིནམ་ལས་ ལོག་ལམ་ཐལཝ་ད་ འཕྲོ་མཐུད་དེ་ར་ སྒོང་རྡོག་བྱིན་ནི་ཨིན་ཟེར་ཨིན་པས།
ཨིན་རུང་ ཨ་ལོ་ཚུ་ ཟས་བཅུད་དང་ལྡནམ་སྦེ་ བཞག་ནི་གི་དོན་ལུ་ དཱལ་དེ་ མ་ཆད་པར་བྱིན་དོ་ཟེར་ཨིན་པས།
སློབ་གྲྭ་ནང་ ཚོད་བསྲེ་ཚུ་ ཉེ་འདབས་ཀྱི་ སོ་ནམ་པ་ཚུ་ལས་ མ་ལང་ལངམ་སྦེ ཐོབ་ཚུགས་དོ་ཡོདཔ་ཨིན་པས།
ནིམ་ཏོ་ལ་སློབ་གྲྭ་ནང་ སློབ་ཕྲུག་ཡོངས་བསྡོམས་༡༢༥ ཡོདཔ་ད་ དེའི་ནང་ལས་༧༡ བུམོ་ཨིན་པའི་གནས་ཚུལ།
སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།