༉ འཕྲལ་ཁམས་ཅིག་ཁར་ རྒྱ་གར་གྱི་མངའ་སྡེ་ ཀེ་རི་ལ་ལུ་ ནི་པཱ་ནད་འབུབ་ཁྱབ་སྤེལ་སོང་མི་དང་བསྟུན་ ད་རེས་ རྒྱལ་ཁབ་ནང་འཁོད་ཀྱི་ ཞིབ་དཔྱད་སྒོ་ར་ ཐདམ་ཐད་ཁ་ལས་ཕར་ ནད་འབུབ་སྔོན་འགོག་འབད་ཐབས་ལུ་ ཕྱི་མི་ཚུ་ ལྟ་རྟོག་འབད་ནི་ འགོ་བཙུགས་ནུག།
གསོ་བའི་ལྷན་ཁག་གིས་ སྤྱི་ཟླ་༦ པའི་ཚེས་༡ ལུ་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་ བསམ་རྩེ་ དགེ་ལེགས་ཕུག་གི་ ཞིབ་དཔྱད་སྒོ་ར་ཚུ་གིས་མ་ཚད་ སྤ་རོ་གནམ་གྲུ་ཐང་ནང་ཡང་ ལྟ་རྟོག་འབད་དགོ་པའི་ བཀའ་རྒྱ་བཀྲམ་ནུག།
ཆུ་ཁ་རྫོང་ཁག་གི་ གསོ་བའི་འགོ་དཔོན་གོངམ་ གོ་པཱལ་ཧིང་མང་གིས་ སླབ་མིའི་ནང་ ནད་གཞི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཕུན་ཚོགས་གླིང་ རིན་ཆེན་སྡིངས་ཀྱི་ ཞིབ་དཔྱད་སྒོ་ར་ནང་ ཕྱི་མི་དང་ དམིགས་བསལ་དུ་ ཀེ་རི་ལ་ལས་འོང་མི་ འབྲུག་མི་ཚུ་གིས་ ངེས་པར་དུ་ ནད་གཞི་མེད་པའི་ གསལ་སྟོན་འབད་དགོ་ཟེར་ཨིན་པས།
ནད་གཞི་ལྟ་རྟོག་འབད་ནིའི་དོན་ལས་ གསོ་བའི་འགོ་དཔོན་༤ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ ཁོང་གིས་ ཕྱི་མི་ཚུ་གི་ གསོ་བའི་འཕྲོད་བསྟེན་དང་ དྲོད་འབར་རྐྱབ་མ་རྐྱབ་ཚུ་ ལྟ་རྟོག་འབད་བའི་ཁར་ གློག་འཕྲིན་ཁ་བྱང་དང་ མོ་བཱ་ཡེལ་ཨང་གྲངས་ ག་ཏེ་ལས་འོངམ་ཨིན་ན་ རྒྱལ་ཁབ་ནང་ལས་ ནམ་ལོག་འགྱོ་ནི་ཨིན་ནའི་ བརྡ་དོན་ཁ་གསལ་ཚུ་ ལེན་དོ་ཟེར་ཨིན་པས།
གོ་པཱལ་ཧིང་མང་གིས་འབད་བ་ཅིན་ གལ་སྲིད་ ཕྱི་མི་ཚུ་གིས་ ནི་པཱ་ནད་འབུབ་ཐོབ་ཡོད་པའི་ རྟགས་མཚན་སྟོན་པ་ཅིན་ ཉེ་འདབས་ཀྱི་སྨན་ཁང་ཚུ་ནང་ སྙན་ཞུ་འབད་དགོཔ་སྦེ་ སླབ་དོ་ཟེར་ཨིནམ་ད་ ད་རེས་ ལྟ་རྟོག་དེ་ཡང་ ནད་འབུབ་སྔོན་འགོག་གི་དོན་ལུ་ ཨིན་ཟེར་ཨིན་པས།
སྤ་རོ་གནམ་གྲུ་ཐང་ནང་ཡང་ ནི་པཱ་ནད་འབུབ་ལྟ་རྟོག་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ད་ གནམ་གྲུ་ཐང་གི་ གསོ་བའི་འགན་འཛིན་པ་ བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱ་གར་བརྒྱུད་དེ་སྤ་རོ་ལུ་ འཕུར་འགྲུལ་འབད་མི་ ཕྱི་མི་དང་ འབྲུག་མི་ཚུ་ག་ར་ ལྟ་རྟོག་འབད་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དྲོད་འབར་ལྟ་རྟོག་འབད་མི་ འཕྲུལ་ཆས་ཚུ་ བཙུགས་ཐོག་ལས་ འཕྲོད་བསྟེན་ལྟ་རྟོག་འབད་དོ་ཟེར་ཨིནམ་ད་ གལ་སྲིད་ དྲོད་འབར་རྐྱབ་སྟེ་ཡོད་པ་ཅིན་ མི་ངོམ་ཚུ་ལུ་ ཀེ་རི་ལ་ལུ་ སོང་མ་སོང་གི་ དྲི་དཔྱད་འབད་དོ་ཡོད་རུང་ ཁ་ཙ་ཚུན་ ནད་འབུབ་ཐོབ་ཡོད་པའི་ སྙན་ཞུ་མེད་ཟེར་ཨིན་པས།
ནད་གཞི་དེ་ ཕོཝ་མ་ཀེ་དང་ ཕགཔ་ དེ་ལས་ སེམས་ཅན་གཞན་ཚུ་ལས་སྦེ་ མི་ལུ་སྤེལ་དོ་ཡོདཔ་ད་ ནད་གཞི་དེ་གི་ ནད་རྟགས་ཚུ་ཡང་ དྲོད་འབར་རྐྱབ་ནི་དང་ ཁ་ལས་སྐྱུགས་ནི་ རྐང་ཚིགས་ལག་ཚིགས་ན་ནི་ ལྐོདམ་ན་ནི་ དབུགས་གཏོང་ལེན་གྱི་ དཀའ་ངལ་ལ་སོགས་པ་ཚུ་ བྱུངམ་ཨིན་པས།
གོ་པཱལ་ ཧིང་མང་གིས་འབད་བ་ཅིན་ ཞིབ་དཔྱད་སྒོ་ར་ཚུ་ནང་ ཕྱི་མི་ལྟ་བཤལཔ་ཚུ་ཡང་ ལྟ་རྟོག་འབད་དོ་ཟེར་ཨིནམ་ད་ ཁ་ཙ་ཚུན་ ཕྱི་མི་༢༨༣ ཞིབ་དཔྱད་འབད་མི་ཚུ་ལུ་ ནད་འབུབ་ཐོབ་ཡོད་པའི་ མངོན་གསལ་མ་འབྱུང་ཟེར་ཨིནམ་ད་ གལ་སྲིད་ ནད་གཞི་ཐོབ་པ་ཅིན་ སྡོད་སའི་ས་གོ་ཚུ་ཡང་ བཟོ་སྟེ་ཡོད་ཟེར་ཨིན་པས།
ལྟ་རྟོག་དེ་ཡང་ དྲོ་པའི་ཆུ་ཚོད་༨ ལས་ ཕྱི་རུའི་ཆུ་ཚོད་༥ ཚུན་ འབད་དོ་ཟེར་ཨིནམ་ད་ ནད་འབུབ་དེ་ལུ་ མི་ཚུ་གིས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ ནད་འབུབ་སྔོན་འགོག་གི་དོན་ལུ་ གསོ་བའི་ལྷན་ཁག་གིས་ ཐབས་ཤེས་སྣ་ཚོགས་ བཏོན་བཞིན་དུ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།