༉ ད་རེས་ནངས་པར་ དར་དཀར་ནང་ནི་ཅུ་ལ་རྒེད་འོག་ནང་ སོ་ནམ་ཞིང་པ་ཚུ་ ཨེ་མ་བཏོག་ཐོག་ལས་ འདུ་འཛི་ཅན་སྦེ་ ལཱ་འབད་སར་ མཐོང་གསལ་བྱུངམ་ཨིན་པས།
ཨེ་མ་ཚུ་ འདས་པའི་གནམ་དགུན་ལུ་ འཛུགས་སྐྱོང་འབད་ཡོདཔ་ད་ ད་ལྟོ་ རྒེད་འོག་དེ་ལས་ ཨེ་མ་གསརཔ་ཐོན་མི་ཚུ་ ཚོང་ཁྲོམ་ནང་ བཀྲམ་སྤེལ་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ ཨེ་མ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༠༠ རེ་ བཙོངམ་མ་ཚད་ ཐིམ་ཕུག་ལུ་ཡང་ བཙོང་དོ་ཡོདཔ་ཨིན་པས།
སྒང་ཏོ་ཁ་ལས་ སློབ་རིམ་༡༢ པ་མཐར་འཁྱོལ་ཏེ་ སོ་ནམ་ལཱ་འབད་སྡོད་མི་ ཏང་ཀ་བྷ་དུར་ ཆེ་ཏི་རི་གིས་ འཕྲལ་ཁམས་ཅིག་ཁར་ ཨེ་མ་ཀེ་ཇི་༧༠ དེ་ཅིག་ བཏོགས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ད་རུང་ ཁོ་གི་ཨེ་མ་ཞིང་ནང་ ཨེ་མ་ཀེ་ཇི་༩༠ དེ་ཅིག་ཡོད་མི་དེ་ཡང་ འཕྲལ་མགྱོགས་ར་ བཏོག་འོང་ཟེར་ཨིན་པས།
ཁོ་བཟུམ་སྦེ་ ལཱ་འབད་མི་ སོ་ནམ་ཚུ་གིས་ སླབ་མིའི་ནང་ ཐིམ་ཕུག་བཟུམ་མའི་ ཁྲོམ་སྡེ་ནང་ མི་རློབས་མངམ་ཡོད་པའི་ཁར་ མཁོ་འདོད་ཡང་ མངམ་ཡོདཔ་ལས་ ས་གནས་དེ་ཚུ་ནང་ ཚོང་འབྲེལ་འཐབ་དགོཔ་འདུག་ཟེར་ཨིན་པས།
ཏང་ཀ་བྷ་དུར་ཆེ་ཏི་རི་གིས་ དུས་ཅི་ སྤྱི་ཟླ་༡ པའི་ནང་ ཁོ་གི་ས་ཞིང་ཌིསི་༢༠ དེ་ཅིག་ནང་ ཨེ་མ་འཛུགས་སྐྱོང་འབད་ཡོདཔ་ད་ ང་བཅས་ལུ་ དཀའ་ངལ་སྦོམ་ཤོས་ར་ ལཱ་འབད་མི་དང་ ཆུ་ལས་བརྟེན་ བྱུངམ་མས་ཟེར་ ཁོ་གིས་ སླབ་ཨིན་པས།
ད་རུང་ ནི་ཅུ་ལ་ལས་ སོ་ནམ་པ་གཞན་ ར་ཇེསི་མོང་གར་གྱིས་ སླབ་མིའི་ནང་ ཁོ་གིས་ ཨེ་མ་ཀེ་ཇི་༢༠༠ ལྷགཔ་ཅིག་ བཙོང་ཡོད་མི་ལས་ མང་ཤོས་ར་ ཐིམ་ཕུག་ལུ་འབག་སྟེ་ བཙོང་ཡི་ཟེར་ཨིནམ་ད་ གཙུག་ལག་མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་དེ་གིས་ ས་ཆ་ཨེ་ཀར་༡ ནང་ ཨེ་མ་འཛུགས་སྐྱོང་འབད་ཡོདཔ་ཨིན་པས།
ནི་ཅུ་ལ་རྒེད་འོག་གི་ སོ་ནམ་འགོ་དཔོན་ ཟླ་བ་ཚེ་རིང་གིས་འབད་བ་ཅིན་ ད་རེས་ གནམ་སེར་ཁ་ལུ་ ཐོན་སྐྱེད་འབད་མི་ ཨེ་མའི་ཐོན་ཤུགས་ལེགས་ཤོམ་འདུག་ཟེར་ཨིན་པས།
སོ་ནམ་ལས་ཁུངས་ཀྱིས་ ལྷོ་མཚམས་རྫོང་ཁག་ཚུ་ནང་ སོ་ནམ་པ་ཚུ་ལུ་ མཁོ་ཆས་དང་ སོན་དེ་ཚུ་ མཁོ་སྤྲོད་ཐོག་ ཨེ་མ་འཛུགས་སྐྱོང་འབད་ནི་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་ད་ ལས་འགུལ་དེ་ ལོ་ངོ་༣ གྱི་རིང་ ལག་ལེན་འཐབ་ད་ གནམ་དགུན་གྱི་ དུས་ཚོད་ནང་ ཨེ་མ་འཛུགས་སྐྱོང་འབད་ནི་གི་ འོས་འབབ་ཡོད་མེད་ བརྟག་དཔྱད་འབད་ནི་ཨིན་པས།
ཨེ་མ་འཛུགས་སྐྱོང་འབད་ནི་གི་ ས་ཞིང་ཚུ་ཡང་ ན་ཧིང་ སྤྱི་ཟླ་༩ པའི་ནང་ བཟོ་ཡོདཔ་ད་ ནི་ཅུ་ལ་ལུ་ སོ་ནམ་པ་༢༠ དེ་ཅིག་གིས་ ཨེ་མ་འཛུགས་སྐྱོང་གི་ ལཱ་འབད་ནི་ འགོ་བཙུགས་ཡོད་པའི་གནས་ཚུལ།

སྒང་ཏོ་ཁ་ལུ་ སོ་ནམ་པ་ཚུ་གིས་ ཨེ་མ་བཏོག་པའི་བསྒང་།