ནི་ཅུ་ལ་རྒེད་འོག་ནང་ ཁ་ཚ་རྐང་ནད་ཐོན་ཡོདཔ།

༉ དར་དཀར་ནང་རྫོང་ཁག་ ནི་ཅུ་ལ་རྒེད་འོག་ནང་ ཁ་ཚ་རྐང་ནད་དར་ཁྱབ་སོང་ཡོད་པའི་ སཉན་ཞུ་ཐོབ་པའི་ཤུལ་ལུ་ སྤྱི་ཟླ་༡༢ པའི་ཚེས་༢༥ ལས་ རྒེད་འོག་དེ་ནང་ལས་ སྒོ་ནོར་སེམས་ཅན་ཕར་ཚུར་ བདའ་ནི་དང་ ཤ་གིས་གཙོས་པའི་ སྒོ་ནོར་གྱི་ ཐོན་སྐྱེད་ཚུ་ ཚོང་སྒྱུར་འཐབ་ནི་ལས་ བཀག་དམ་འབད་ཡོདཔ་ཨིན་པས།
དར་དཀར་ནང་གི་རྫོང་བདག་ ཕུན་ཚོགས་ཆོས་སྒྲོན་གྱིས་ ཁྱབ་བསྒྲགས་ཅིག་ བཏོན་མིའི་ནང་ བཀག་དམ་འབད་དགོ་མི་དེ་ཡང་ སྒོ་ནོར་གྱི་ནད་གཞི་དེ་ ས་ཁོངས་གཞན་ཚུ་ནང་ ཁྱབ་སྤེལ་འབད་ནི་ལས་ བཀག་ཐབས་དང་ སྒོ་ནོར་བཅའ་ཁྲིམ་དང་འཁྲིལ་ཨིན་ཟེར་ བཀོད་ནུག།
རྫོང་ཁག་སྒོ་ནོར་འགོ་དཔོན་ པདྨ་དབང་ཕྱུག་གིས་འབད་བ་ཅིན་ ཁ་ཚ་རྐང་ནད་དེ་ དང་པ་ར་ སྤྱི་ཟླ༡༢ པའི་ཚེས་༢༢ ལུ་ ནི་ཅུ་ལ་རྒེད་འོག་ སྒང་ཏོག་ཁ་སྤྱི་འོག་དང་ མའུ་ལ་གཡུས་ཚན་ནང་ ཐོན་ཡོད་པའི་ སྙན་ཞུ་ཐོབ་ཅི་ཟེར་ཨིན་པས།
ཁྱབ་བསྒྲགས་ནང་ ས་མཚམས་བདའ་སྟེ་ སྒོ་ནོར་སེམས་ཅན་ཚུ་ ཕར་ཚུར་རྩྭ་ཟ་བར་ འགྱོ་དོ་ཡོདཔ་ལས་ ཁ་ཙ་རྐང་ནད་དེ་ཡང་ རྒྱ་གར་ཨ་སམ་ལས་ ཁྱབ་སྤེལ་འགྱོ་བའི་ དོགས་པ་ཡོད་ཟེར་བཀོད་ནུག།
ཁ་ཚ་རྐང་ནད་དེ་ སྒོ་ནོར་སེམས་ཅན་ དཔེར་ན་ བ་དང་ ཕགཔ་ ལུག་ ར་ དེ་ལས་ རྐང་རྨིག་ཡོད་མི་ སེམས་ཅན་གཞན་ཚུ་ལུ་ཐོབ་པའི་ འབུ་ནད་ཚབས་ཆེན་ཅིག་ཨིན་པས།
རྒེད་འོག་རྒྱ་སྐྱེད་ཡིག་ཚང་གི་ སྙན་ཞུ་དང་འཁྲིལཝ་ད་ སྤྱི་ཟླ་༡༢ པའི་ཚེས་༢༥ སྒང་ཏོག་ཁ་སྤྱི་འོག་ ཅ་ཀ་ར་མ་རི་ལུ་ སྒོ་ནོར་༤ དང་ མའུ་ལ་ལུ་ སྒོ་ནོར་༤༢ ལུ་ ཁ་ཚ་རྐང་ནད་ཐོབ་ནུག་ཟེར་་ པདྨ་དབང་ཕྱུག་གིས་ བཤདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ སྙན་ཞུ་ཐོབ་པའི་ཤུལ་ལུ་ རྒེད་འོག་རྒྱ་སྐྱེད་ཡིག་ཚང་གི་ ལས་བྱེདཔ་ཚུ་གིས་ དེ་འཕྲོ་ལས་ ནད་གཞི་ཐོབ་ཡོད་པའི་ ས་གནས་ནང་ སོང་ཞིནམ་ལས་ ཉེར་མཁོའི་སྨན་བཅོས་འབད་ནི་ འགོ་བཙུགས་ཅི་ཟེར་ སྒོ་ནོར་འགོ་དཔོན་གྱིས་ བཤདཔ་ཨིན་པས།
ད་ཚུན་གྱི་བར་ན་ ཁ་ཚ་རྐང་ནད་ལུ་བརྟེན་ སྒོ་ནོར་ལུ་ ཤི་རྐྱེན་བྱུང་པའི་ སྙན་ཞུ་མེདཔ་ཨིན་པས།
དུས་ཅི་ རྫོང་ཁག་དེ་ནང་ སྒོ་ནོར་སེམས་ཅན་ཚུ་ལུ་ ཁ་ཚ་རྐང་ནད་ཐོབ་མི་དེ་ འགོ་དང་པ་ཨིནམ་བཞིན་དུ་ རྒེད་འོག་དེ་ནང་ལས་ སྒོ་ནོར་སེམས་ཅན་དང་ ཐོན་སྐྱེད་ཚུ་ ཕར་ཚུར་བདའ་ནི་དང་ འབག་ནི་ཚུ་ ཁྱབ་བསྒྲགས་མ་འབད་ཚུན་ཚོད་ འཕྲོ་མཐུད་དེ་ར་ བཀག་དམ་འབད་ནི་ཨིན་པའི་གནས་ཚུལ།

རྣམ་རྒྱལ་དབང་མོ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *