ནི་ཀ་ཆུ་གློག་མེ་ལས་འགུལ་གྱི་ ལཱ་བརྒྱ་ཆ་༧༥ དེ་ཅིག་ མཇུག་བསྡུ་ནུག།

ནི་ཀ་ཆུ་གློག་མེ་ལས་འགུལ་ མཇུག་བསྡུ་ནིའི་དུས་ཚོད་ ཕར་འགྱངས་འབད་ཡོདཔ།

༉ ཀྲོང་གསར་ནི་ཀ་ཆུ་གློག་མེ་ལས་འགུལ་ནང་ ད་རེས་ གློག་མེ་བཟོ་སྐྲུན་གྱི་ལཱ་ཚུ་ ཤུགས་ལང་པའི་བསྒང་ཡོདཔ་བཞིན་དུ་ ལས་འགུལ་གྱི་ ལཱ་བརྒྱ་ཆ་༧༥ དེ་ཅིག་ མཇུག་བསྡུ་ཡོདཔ་བཞིན་དུ་ མཇུག་བསྡུའི་དུས་ཚད་དེ་ སྤྱི་ལོ་༢༠༢༣ ཚུན་ ཕར་འགྱངས་འབད་ཡོད་རུང་ ཟད་འགྲོ་ལུ་ ཐོ་མི་ཕོག་ནི་ཨིན་པས།

ལས་འགུལ་གྱི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ལས་འགུལ་དེ་ སྤྱི་ལོ་༢༠༢༣ ལུ་ ཆར་ཆུ་འགོ་མ་བཙུགསཔ་ཅིག་ལས་ མཇུག་བསྡུ་འོང་ཟེར་ཨིནམ་ད་ དེ་ཡང་ གནམ་བྱཱར་ཆརཔ་རྐྱབ་ད་ ཆུ་སྦོམ་ཐལ་མི་དེ་ འཕྲོ་བརླག་མ་གཏང་པར་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།

གློག་ཤུགས་མེ་ག་ཝཱཊ་༡༡༨ འབད་མི་ ནི་ཀ་ཆུ་གློག་མེ་ལས་འགུལ་དེ་ ཕར་འགྱངས་འབད་མི་དེ་ཡང་ གཙོ་བོ་ར་ ནད་ཡམས་ལུ་བརྟེན་ ལས་འགུལ་ནང་ལཱ་འབད་མི་ ཕྱིའི་ལས་མི་ཚུ་ ལོག་གཡུས་ཁར་སོང་ཡོདཔ་ལས་ ལས་འགུལ་གྱི་ལཱ་ལུ་ ཐོ་ཕོག་ཡོདཔ་ཨིན་པས།

ལས་འགུལ་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱ་གར་གྱི་ལས་མི་ མང་ཤོས་ར་ ལོག་སོང་ཡོདཔ་ཨིན་རུང་ ལཱ་འཕྲོ་མཐུད་འབད་ནིའི་དོན་ལུ་ འབྲུག་པའི་ན་གཞོན་ཚུ་ བཙུགས་ཅི་ཟེར་ཨིན་པས།

རྒྱལ་ཁབ་ནང་ ཀོ་བིཌ་-༡༩ འི་ ནད་ཡམས་ཀྱི་སྒྲིག་གཞི་ ལྷོད་ཡངས་གཏངམ་ཅིག་ ལས་འགུལ་གྱི་འཛིན་སྐྱོང་གིས་ རྒྱ་གར་ལས་ རིག་རྩལ་ཡོད་པའི་ ལས་མི་ཚུ་ལེན་ནི་ འགོ་བཙུགས་ཡོདཔ་ད་ ལམ་ལུགས་ལྟར་དུ་ ཟུར་བཞག་ལྟེ་བའི་ནང ཉིན་གྲངས་༢༡ ངེས་པར་དུ་ སྡོད་མི་དེ་གིས་ ལས་མི་མང་ཤོས་ར་ འཚེར་སུ་ཅིག་ཨིན་མས་ཟེར་ཨིན་པས།

ད་རུང་ དགེ་ལེགས་ཕུག་ལུ་ ཟུར་བཞག་ལྟེ་བ་ ལངམ་སྦེ་མེད་མི་ལུ་བརྟེན་ འཛིན་སྐྱོང་གིས་ ལས་མི་ལ་ལོ་ཅིག་ བག་ཌོ་ར་ལས་ སྤ་རོ་ཚུན་ གནམ་གྲུ་ནང་ལེན་ཡི་ཟེར་ཨིནམ་ད་ ད་རེས་ ལས་མི་༡༣༠ ཟུར་བཞག་ལྟེ་བ་ཚུ་ནང་ཡོད་ཟེར་ཨིན་པས།

དེ་བཟུམ་སྦེ་ ཕུན་ཚོགས་གླིང་དང་ ངང་ལམ་ལུ་ འགྲོ་འགྲུལ་བཀག་དམ་ལུ་བརྟེན་ ལས་འགུལ་གྱི་ཅ་ཆས་ཚུ་ སྐྱེལ་འདྲེན་འབད་ནི་ལུ་ གདོང་ལེན་བྱུང་ཡོདཔ་ཨིན་རུང་ ད་རེས་ ཅ་ཆས་ཚུ་ཡང་ ལས་འགུལ་གྱི་ས་ཁོངས་ནང་ ལྷོད་ཡོདཔ་ལས་ ལཱ་ཤུགས་ལང་པའི་བསྒང་ཡོདཔ་ཨིན་པས།

ལཱ་ཐོགས་ལུས་མི་ཅིག་ རིང་ཚད་ཀི་ལོ་མི་ཊར་༡༢ འབད་མི་ ས་འོག་ཆུ་དོང་བཏོན་མི་ལས་ ཀི་ལོ་མི་ཊར་ཕྱེད་ ས་བརྐོ་མ་ཚར་བར་ཡོདཔ་ད་ དེ་ཡང་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ས་འོག་ཆུ་དོང་གི་ གོ་རིམ་༦ པ་དང་༧ པ་མཐུད་ནིའི་ ས་ཁོངས་ནང་ ཆུ་ལེ་ཤ་འཛགས་མི་ལུ་བརྟེན་ ས་དོང་བརྐོ་ནི་ལུ་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།

ད་རེས་ ལས་འགུལ་ནང་ལཱ་འབད་མི་ འབྲུག་མི་༤༠༠ ལྷགཔ་ཅིག་དང་ རྒྱ་གར་གྱི་ལས་མི་༦༠༠ ལྷགཔ་ཅིག་ཡོདཔ་ད་ ཕྱིའི་ལས་མི་ལེན་ནིའི་ལཱ་ཚུ་ འབད་བཞིན་དུ་ཡོདཔ་ཨིན་པས།

སྤྱི་ཟླ་༩ པ་ཚུན་ ལས་འགུལ་གྱི་ ཆུ་བསགས་མཛོད་ཌེམ་གྱི་ ལཱ་བརྒྱ་ཆ་༧༨ མཇུག་བསྡུ་ཡོདཔ་ད་ ས་འོག་ལམ་གྱི་ལཱ་བརྒྱ་ཆ་༧༨.༣༠ དང་ གློག་མེ་འཕྲུལ་ཁང་ནང་ ལཱ་བརྒྱ་ཆ་༦༦ མཇུག་བསྡུ་ཡོདཔ་ཨིན་པས།

ནི་ཀ་ཆུ་གློག་མེ་ལས་འགུལ་དེ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡༡ ལྷགཔ་ཅིག་བཏང་སྟེ་ སྤྱི་ལོ་༢༠༡༦ གི་ཟླཝ་༤ པའི་ནང་ འགོ་བཙུགས་ཡོདཔ་ད་ དུས་ཚོད་ཕར་འགྱངས་མ་འབད་བ་ཅིན་ དུས་ཅི་ མཇུག་བསྡུ་དགོཔ་སྦེ་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *