༉ ཐིམ་ཕུག་ ནཱ་རོ་རྒེད་འོག་གི་ བར་གཤོང་རྫོང་དེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ ཞལ་བཀོད་དང་འཁྲིལ་ དུས་རབས་༡༨ པའི་ནང་བཞེངས་ཡོདཔ་བཞིན་དུ་ ད་རེས་ནངས་པར་ གྱང་ཁོག་ཐལ་སོ་ནུག།
ཞབས་དྲུང་མཆོག་གིས་ བོད་ལས་མར་ གླིང་བཞི་དང་ སྨོན་རྩེ་ཕུག་བརྒྱུད་དེ་ རྡོ་གདན་ནང་ལས་སྦེ་ ཐིམ་ཕུག་ལུ་ བྱོན་པའི་སྐབས་ ཐུགས་སྨོན་གནང་ཐོག་ལས་ ནཱ་རོ་གཡུས་ཚན་གྱི་རི་དང་ གཤོང་གི་སྦུག་ལུ་ སྒང་ཏོག་དགའ་ཏོག་ཏོ་གུ་ རྫོང་བཞེངས་ཏེ་མིང་ཡང་ བར་གཤོང་རྫོང་ཟེར་ བཏགས་གནང་ཡོདཔ་ཨིན་པས།
མི་ལོ་༣༠༠ དེ་ཅིག་གི་ ཧེ་མ་བཞེངས་མི་ བར་གཤོང་རྫོང་དེ་ བར་གཤོང་གི་ མི་སེར་ཚུ་གི་དོན་ལུ་ ཕྱག་དང་ མཆོད་པ་ཕུལ་སའི་ ཡུལ་གཙོ་ཅན་ཅིག་ཨིན་པས།
བར་གཤོང་གི་བླམ་ བཙན་སྐྱོགས་ཀྱིས་འབད་བ་ཅིན་ བར་གཤོང་རྫོང་དེ་ ནམ་མེ་མཆོད་བཞེས་ཡོདཔ་ཨིན་ན་ ས་གནས་ཀྱི་ མི་རྒན་ཤོས་ཚུ་ལུ་ ཤེས་རྟོགས་མེད་རུང་ ངག་རྒྱུན་ལོ་རྒྱུས་དང་འཁྲིལཝ་ད་ རྫོང་མེ་མཆོད་བཞེས་ཏེ་ མི་ལོ་༢༠༠ དེ་ཅིག་ ལང་སོཔ་བཟུམ་འདུག་ཟེར་ཨིན་པས།
བླམ་བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ ཞབས་དྲུང་རིན་པོ་ཆེ་གིས་ མགར་ས་བཀྲིས་མཐོང་སྨོན་རྫོང་དང་ སྤ་རོ་འབྲུག་རྒྱལ་རྫོང་བཞེངསམ་ད་ བར་གཤོང་རྫོང་དེ་ཡང་ དུས་མཉམ་ལུ་ བཞེངས་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
རྫོང་དེ་ མེ་མཆོད་བཞེས་པའི་ཤུལ་ལས་ ཉམས་གསོ་ཞུ་མ་ཚུགས་པར་ ད་རེས་ གྱང་ཁོག་སྦེ་ ལུས་ཡོད་རུང་ ས་གནས་ཀྱི་ མི་ཚུ་གིས་ རྫོང་གི་རྩིགཔ་དང་ གཞི་འགྱམ་ དེ་ལས་ རྡོ་ཚུ སྔར་ག་ཨིནམ་སྦེ་ར་ བདག་འཛིན་འཐབ་སྟེ་བཞག་ནུག།
རྫོང་གི་ནང་རྟེན་ཡང་ གསེར་སྒྲོན་མའི་ བརྒྱད་སྟོང་པ་པོ་ཏི་ཅིག་ཡོད་པའི་ ལོ་རྒྱུས་ཡོད་རུང་ ད་རེས་ ག་ཏེ་ལས་ཕར་ བསྐྱལ་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ད་རེས་ནངས་པར་ རྫོང་གི་ས་ཁོངས་ནང་ གཞུང་གིས་ བླ་མའི་གཟིམ་ཅུང་དང་ དགེ་སློང་ཚུ་གི་ གྲྭ་ཤག་རྐྱབ་སྟེ་ཡོདཔ་ད་ མ་གཞི་ རྫོང་གི་གཞི་བཀོད་མང་ཤོས་ར་ ཞིག་རལ་སོང་ཡོདཔ་བཞིན་དུ་ འཛིན་གྲྭ་དང་པ་ལས་༨ པ་ཚུན་འབད་མི་ དགེ་འདུན་སློབ་གྲྭ་ གཞི་བཙུགས་འབད་འབད་མིའི་ནང་ དགེ་སློང་༣༠ དེ་ཅིག་འདུག།
དགེ་འདུན་སློབ་གྲྭ་དེ་ཡང་ སྲོས་དང་ ནཱ་རོ་ དེ་ལས་ གླིང་བཞི་རྒེད་འོག་༣ གྱི་ ཨ་ལོ་ཚུ་ ལཱ་ཁག་སྦེ་ ས་གནས་གཞན་ཁར་ ཆོས་འབད་བར་ འགྱོ་མ་དགོ་པར་ སྤྱི་ལོ་༢༠༠༥ ལུ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
ནཱ་རོ་རྒཔོ་ དབང་ཕྱུག་གིས་ སླབ་མིའི་ནང་ ཚར་ཅིག་ རྫོང་གཞིས་དེ་ བཤུབ་ཐོག་ལས་ ཐོག་ཚད་༢ འབད་མི་ དགོན་སྡེ་གསར་བཞེངས་གྱི་དོན་ལུ་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ གྲོས་འཆར་ཕུལ་ཏེ་ གཞུང་གིས་ མ་དངུལ་ས་ཡ་༤༠ ཆ་འཇོག་གྲུབ་ཡོད་རུང་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གིས་ གནང་བ་བྱིན་མ་བཏུབ་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་ རྒེད་འོག་ནང་ བྱོན་པའི་སྐབས་ མི་སེར་ཚུ་ལུ་ ལྷ་ཁ་ཡོད་རུང་མེད་རུང་ བར་གཤོང་རྫོང་རྐྱངམ་གཅིག་ལས་བརྒལ་མེདཔ་ལས་ གཞུང་གིས་ རྫོང་དེ་ སྔར་བཟུམ་སྦེ་ར་ ཉམས་གསོ་མ་ཞུ་རུང་ ལྷ་ཁང་སྦེ་ བཞེངས་གནང་པ་ཅིན་ ཆོས་ཕྱོགས་ཀྱི་ ལས་རིམ་ག་ཅི་ར་ འགོ་འདྲེན་འཐབ་རུང་ ལྷན་ཐབས་འབྱུང་ནི་མས་ཟེར་ མི་སེར་ཚུ་གིས་ ཞུ་ཡི།
དེ་གི་ལན་ལུ་ བློན་ཆེན་གྱིས་ བར་གཤོང་རྫོང་དེ་ གསར་བཞེངས་འབད་ནིའི་དོན་ལུ་ གཞུང་གིས་ འོས་འབབ་བརྟག་ཞིབ་ཅིག་ འབད་འོང་ཟེར་ གསུངས་པའི་ཁར་ དེ་གི་དོན་ལུ་ ནང་སྲིད་ལས་ཁུངས་ཀྱི་ འགོ་དཔོན་ཚུ་ ནན་བསྐྱར་དུ་ བརྟག་ཞིབ་འབད་བར་ གཏང་འོང་ཟེར་གསུངས་ཡི།
གལ་སྲིད་ བརྟག་ཞིབ་སྙན་ཞུ་ནང་ རྫོང་གི་ གཞི་འགྱམ་དང་ རྡོ་ དེ་ལས་ རྩིགཔ་ཚུ་ ལེགས་ཤོམ་ཡོད་པ་ཅིན་ བར་གཤོང་རྫོང་དེ་ ད་རེས་བཞེངས་མ་ཚུགས་རུང་ འཆར་གཞི་༡༢ པའི་ནང་ རྐྱབ་ནིའི་དོན་ལུ་ འཆར་གཞི་བཙུགས་བཞག་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ད་རེང་ནངས་པར་ རྒེད་འོག་གི་ མི་སེར་ཚུ་གིས་ གཤིན་གསོན་གྱི་ དགེ་རྩ་དང་ རིམ་གྲོ་གཏང་པར་ ལཱ་ཁག་སྦེ་ རྟ་མགོ་དང་ ལྕགས་རི་ལུ་ འགྱོ་དོ་ཡོདཔ་ལས་ གཞུང་གིས་ རྒེད་འོག་ནང་ ལྷ་ཁང་ཅིག་ བཞེངས་གནང་པ་ཅིན་ དཀའ་ངལ་ཚུ་ སེལ་ཚུགས་ནི་མས་ བཤདཔ་ཨིན་པས།
དགེ་འདུན་སློབ་ཕྲུག་ཚུ་ཡང་ གཞུང་གིས་ རྫོང་ཉམས་གསོ་ཞུ་ནི་དང་ ཡང་ཅིན་ ལྷ་ཁང་གསརཔ་ཅིག་ འཕྲལ་མགྱོགས་ར་ བཞེངས་གནང་བའི་ རེ་བ་བསྐྱེདཔ་ཨིན་པའི་གནས་ཚུལ།
ནཱ་རོ་ལས་ ཨོ་རྒྱན་རྡོ་རྗེ།