༉ འདས་པའི་བདུན་ཕྲག་ནང་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཤག་བཅོས་ཁང་གི་ འཕྲུལ་ལསཔ་ཅིག་གིས་ ནད་གཡོག་རྒྱུག་མི་ ཨམ་སྲུ་ཅིག་ལུ་ དབང་བཙོངའདོད་སྤྱོད་འབད་ཡོད་པའི་ ཁ་ཉེས་ཡོད་མི་དེ་ ངེས་བདེན་ཨིན་པ་ཅིན་ ང་བཅས་ག་ར་ལུ་ ཉེན་སྲུང་གི་ ཚ་གྱང་ལང་དགོཔ།
མ་གཞི་ ཁ་ཉེས་བཀལ་མིའི་ ཚན་རིག་བརྟག་དཔྱད་ཀྱི་ གྲུབ་འབྲས་གསལ་སྟོན་མ་འབད་བར་ཡོདཔ་ལས་ བདེན་པ་ག་དེ་སྦེ་ཡོདཔ་ཨིན་ན་ ད་ལྟོ་ སླབ་མི་ཚུགས་ནི་ཨིན་རུང་ ངེས་བདེན་ཨིན་པ་ཅིན་ མི་མང་ལུ་ ཞབས་ཏོག་སྒྲུབ་མི་ སྨན་ཁང་ནང་ འདི་བཟུམ་མའི་ ཉེས་ལས་འཐབ་མི་དེ་ བཟོད་བསྲན་འབད་མ་ཚུགས་པའི་བྱ་སྤྱོད་ཅིག་ཨིན་མས།
བྱུང་རྐྱེན་དེ་ སྤྱི་ཟླ་༤ པའི་ཚེས་༥ གི་ནུབ་མོར་ བྱུང་ཡོད་པའི་ ལོ་རྒྱུས་ཡོད་མི་དེ་ཡང་ སྐྱེས་ལོ་༣༢ ལང་མི་ ཉམས་རྒུདཔ་དེ་ མོ་རའི་ཨ་མ་ གཤག་བཅོས་འབད་ཡོད་མིའི་ ནད་གཡོགཔ་སྦེ་ སྡོད་ཡོདཔ་བཞིན་དུ་ འཕྲུལ་ལསཔ་དེ་གིས་ ནདཔ་ལུ་ཁྲག་ཚབ་བཙུགས་དགོ་པས་ཟེར་ ཉམས་རྒུདཔ་ཨམ་སྲུ་དེ་ ཁྲག་བརྟག་དཔྱད་ཁང་ནང་ འབོ་ཞིནམ་ལས་ དྲན་ཉམས་ཀྱི་ སྨན་ཁབ་བཙུགས་པའི་ཤུལ་ལུ་ དྲན་པ་ཚོར་བའི་བསྒང་ལས་ གློ་བུར་ནད་བརྟག་ཁང་ནང་ བསྐྱལ་བཞག་ཡོད་པའི་ ལོ་རྒྱུས་འདུག།
དོགས་པ་ཅན་དེ་ འཛིན་བཟུང་འབད་ཡོད་རུང་ རྒྱལ་ཡོངས་གཙོ་བསྟེན་ཁང་ནང་ འདི་བཟུམ་མའི་ བྱ་ངན་བྱུང་མི་དེ་ ད་རིས་ འགོ་དང་པ་མེན་པར་ འདས་པའི་ལོ་ངོ་༢ ལྷགཔ་ཅིག་གི་ ནང་འཁོད་ལུ་ རྐྱེན་ངན་ཁག་གསུམ་བྱུང་མི་ཚུ་གིས་ ཉེན་སྲུང་སྒྲིང་སྒྲི་མེད་པའི་ བརྡ་མཚོན་སྟོནམ་མས།
རྨ་བཏོན་ཁྲག་བཏོན་གྱི་ བྱུང་རྐྱེན་དང་པ་དེ་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ཟླ་མཇུག་ཁམས་ཅིག་ཁར་ ནདཔ་བཞག་སའི་ ཁང་མིག་གཞན་ཅིག་ནང་སྡོད་མི་ ཕོ་སྐྱེས་ཆང་འཐུང་མི་ཅིག་གིས་ ཟུར་ཤག་གི་ ཁང་མིག་ཅིག་ནང་འཛུལ་ཏེ་ ནདཔ་ཚབས་ཆེན་འབད་མིའི་ མགུ་ཏོ་གུ་ རྡོ་བླུགས་མི་ལུ་བརྟེན་ ནདཔ་དེ་གི་གནས་སྟངས་ ལྷག་པར་དུ་ ཚབས་ཆེན་བཟོ་བའི་ཁར་ ཉམས་རྒུད་པའི་གནས་ཚང་དང་ མོ་སྤུན་ལུ་ཡང་ རྨ་སྐྱོན་བཏོན་དཔ་ལས་ སྨན་ཁང་ནང་འོང་མི་དང་ ནདཔ་གཞན་ཚུ་ལུ་ འཇིགས་སྣང་དང་ རྣམ་རྟོག་ལང་དགོཔ་བྱུང་ནུག།
ད་རུང་ ཟླཝ་༢ དེ་ཅིག་གི་ཤུལ་ལས་ སྤྱི་ལོ་༢༠༡༧ ཟླ་༢ པའི་ཚེས་༩ ལུ་ སྐྱེས་ལོ་༢༢ ལང་མི་ ཕོ་སྐྱེས་ཅིག་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཉེན་སྲུང་པ་ སྐྱེས་ལོ་༢༤ ལང་མི་དེ་ དམར་བསད་འབད་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ ཉེས་ཅན་དེ་ལུ་ ཁྲིམས་འདུན་ལས་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ད་ བྱ་ངན་འབད་མི་ ཕོ་སྐྱེས་དེ་ སྨན་ཁང་དེ་གི་ བཀབ་གོ་ལ་འཁྱུ་མི་ ལས་གཡོགཔ་བགྲེསཔ་ཅིག་ཨིན་མས།
རྐྱེན་ངན་བྱུང་སྟེ་ ཟླཝ་༦ གི་རྒྱབ་ལས་ ད་རུང་ སྤྱི་ཟླ་༨ པའི་ཚེས་༢༢ ཀྱི་དྲོ་པའི་ཆུ་ཚོད་༡ དེ་ཅིག་ཁར་ སེམས་ཁམས་ནད་ཁང་ནང་ སྐྱེས་ལོ་༦༠ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༢༣ ལང་མི་ ཨམ་སྲུ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་ནི་གི་ དཔའ་བཅམ་ཡོདཔ་བཞིན་དུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཕོ་སྐྱེས་དེ་ལུ་ དབང་བཙོང་འདོད་སྤྱོད་ཀྱི་དོན་ལུ་ དཔའ་བཅམ་པའི་ ཉེས་འཛུགས་འབད་ནུག།
སྨན་ཁང་དེ་ནང་ མི་ལུ་ རྨ་བཏོན་ཁྲག་བཏོན་གྱི་ དཀའ་ངལ་རྐྱངམ་གཅིག་མེན་པར་ ནདཔ་བཞག་སའི་ ཁང་མིག་ཚུ་ནང་ འགྲུལ་འཕྲིན་ལ་སོགས་པ་ ཅ་ཆས་ལེ་ཤ་ཅིག་ར་ ཨར་རྐུན་ཤོར་ཡོདཔ་མ་ཚད་ ནདཔ་བལྟ་བར་ འགྱོ་མི་དང་ ནད་གཡོག་རྐྱབ་མི་ཚུ་གི་ལྷམ་ཚུ་ འཐུ་འབག་ཡོད་པའི་ ལོ་རྒྱུས་ཡང་གོ་ཡོད།
བྱུང་རྐྱེན་གཅིག་ཤུལ་གཉིས་ཤུལ་སྦེ་ བྱུང་མི་ཚུ་ལུ་ལྟཝ་ད་ སྨན་ཁང་ནང་སྡོད་མི་ ནདཔ་དང་ ནད་གཡོག་རྐྱབ་མི་ དེ་ལས་ ནདཔ་བལྟ་བར་ འགྱོ་མི་ཚུ་ལུ་ ཉེན་སྲུང་ཡོདཔ་བཟུམ་སྦེ་ མི་མཐོངམ་མས།
མ་གཞི་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ བདག་སྐྱོང་དང་ འཛིན་སྐྱོང་གིས་ ནདཔ་དང་ནད་གཡོགཔ་ཚུ་གི་ ཉེན་སྲུང་ལུ་དམིགས་ཏེ་ འཛུལ་སྒོ་ཚུ་ འཕྲུལ་ཆས་ཀྱི་ གསང་རྟགས་ལག་ལེན་འཐབ་དགོཔ་སྦེ་ བཟོ་ཡོད་རུང་ ནང་ན་ལཱ་འབད་མི་ཚུ་གིས་ར་ བྱ་ངན་འབད་བ་ཅིན་ ཉེན་སྲུང་ག་དེ་སྦེ་ བྱིན་ཚུགས་ནི་ཨིན་ན?
དེ་གི་ནང་དོན་ཉིད་ལས་ སྨན་ཁང་དེ་ནང་ སྲུང་རྒྱབ་ལེ་ཤ་བཙུགས་ཡོདཔ་མ་ཚད་ པར་ཆས་སི་སི་ཊི་བི་ ལེ་ཤ་ཅིག་ར་ བཙུགས་ཏེ་ཡོད་རུང་ བྱ་ངན་ཚུ་ སྔོན་འགོག་འབད་མ་ཚུགས་མི་དེ་ འབྲེལ་ཡོད་དབང་འཛིན་གྱི་ ཁ་ཐུག་ལས་ ལྟ་རྟོག་དང་ དམ་འཛིན་འབད་མ་ཚུགས་པའི་ ནོར་སྐྱོན་བརྟེན་ལུ་ འོང་ནི་ཨིནམ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ཉེན་སྲུང་ལམ་ལུགས་ བསྐྱར་ཞིབ་འབད་དེ་ ནདཔ་དང་ ནད་གཡོགཔ་གཉིས་ཆ་ར་ལུ་ ཉེན་སྲུང་ཡོདཔ་ ངེས་བརྟན་བཟོ་དགོ།
Check Also
འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།
༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …