ནད་ཡམས་ཀྱི་སྐབས་ ཉེན་ཅན་ཚུ་ལུ་ རྒྱགས་སྐལ་སྐྱིད་སྡུག་གནང་ཡོདཔ།

༉ ལོ་༡༠ གི་ཧེ་མ་ སྐྱེས་ལོ་༨༠ ལང་མི་ལུ་ ཁོ་རའི་གཟུགས་སྨད་ལུ་ སྐྱོན་ཞུགས་ཏེ་ ལམ་འགྱོ་མ་ཚུགསཔ་ ཐལ་ཡོདཔ་ད་ ཁོ་རའི་གནས་ཚང་དེ་ འདས་པའི་ལོ་ནང་ གྱོངས་སོཔ་ཨིན་པས།

ཁོ་ལུ་ འོང་འབབ་དང་ རྒྱབ་སྐྱོར་འབད་མི་གཞན་ ག་ཡང་མེདཔ་ལས་ གལ་སྲིད་ མི་དབང་མངའ་བདག་རིན་པོ་ཆེའི་ སྐྱིད་སྡུག་ལས་རིམ་ཐོག་ལུ་ རྒྱགས་སྐལ་མེད་པ་ཅིན་ ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་ནང་ ཁོ་ར་ ག་དེ་སྦེ་ འཚོ་སྐྱོང་འཐབ་སྟེ་ སྡོད་དོ་ཡོད་ག་ སླབ་མ་ཚུགསཔ་ཅིག་ཨིན་པས།

རྣམ་རྒྱལ་དེ་ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་ ཇུན་མི་པཱམ་ལུ་ ཁོ་ར་རྐྱངམ་གཅིག་ སྡོད་དོ་ཡོདཔ་ད་ ཁོ་རའི་ བུ་ཚབ་དེ་ ཉེ་འདབས་ལས་ཕར་ སྡོད་དོ་ཡོད་རུང་ ཁོ་ལུ་ཡང་ ཁོ་རའི་དཀའ་ངལ་ཚུ་ བསལ་དགོཔ་ཡོདཔ་ཨིན་པས།

རྒྱལ་ཡོངས་འགྲུལ་བཀག་དམ་ཐེངས་༢ འབད་བའི་སྐབས་ རྣམ་རྒྱལ་གྱིས་ རྒྱགས་སྐལ་གྱི་ སྐྱིད་སྡུག་རྒྱབ་སྐྱོར་ ཆུམ་དང་ མར་ཁུ་ གུ་རམ་ ཇ་ དེ་ལས་ དར་ཚིལ་ཚུ་ ཚར་༢ ཐོབ་ཡོད་མི་ཚུ་ཡང་ རྒེད་འོག་བདག་སྐྱོང་གིས་ སྐྱེལ་སྤྲོད་འབད་ནུག།

རྣམ་རྒྱལ་ཁོ་ར་ ལེགས་ཤོམ་སྡོད་པའི་སྐབས་ སོ་ནམ་ལཱ་འབད་སྡོད་ཡོད་རུང་ ལམ་འགྱོ་མ་ཚུགས་པའི་ཤུལ་ལས་ དཀའ་ངལ་བྱུང་ཡོདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་དབང་མཆོག་ལས་ གསོལ་རས་ཐོབ་པའི་ཤུལ་ལས་ དཀའ་ངལ་དེ་ཅིག་ར་ མ་བྱུང་ཟེར་ཨིནམ་ད་ མི་དབང་མཆོག་གིས་ ཁྲལ་ཚུ་དགོངས་ཡངས་ གནང་པའི་མཐའ་མར་ ངོ་རྐྱང་རེ་རེ་ལུ་ ཕན་སེམས་དང་ བདག་འཛིན་ལེགས་ཤོམ་མཛད་མི་ལུ་བརྟེན་ ཁོ་ར་ བཀྲེས་སྐོམ་སྡུག་བསྔལ་ལས་ ཉེན་སྐྱོབ་འབད་ཡི་ཟེར་ སླབ་ཨིན་པས།

ང་གིས་ ཁ་ཐུན་ལེགས་ཤོམ་ཅིག་ བཏང་མ་ཤེས་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ དགའ་སྐྱིད་ངང་ལུ་ གནས་ནི་དང་ སྐུ་ཚེ་ཆུ་ལས་རིང་བཅུག་ཟེར་ ཉིན་བསྟར་བཞིན་དུ་ སྨོན་ལམ་བཏབ་དོ་ཟེར་ རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།

འདས་པའི་ལོ་དག་པ་ཅིག་ཧེ་མར་ རྣམ་རྒྱལ་ལུ་ གཡུས་མི་ཚུ་གིས་ རྒྱབ་སྐྱོར་ཐོག་ལས་ ཁྱིམ་ཆུང་ཀུ་ཅིག་ རྐྱབ་བྱིན་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ མོང་སྒར་མ་སང་ད་ཟ་-བཙན་ཟ་སྦིས་སྤྱི་འོག་ལས་ སྐྱེས་ལོ་༨༠ ལང་མི་ རྡོ་རྗེ་འཕྲིན་ལས་དེ་ ཁོ་རའི་གནས་ཚང་དང་ སྐྱེས་ལོ་༤༠ ལང་མི་ དབང་པོ་ལུ་ཐོག་མི་ བུམོ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨི་ནཔས།

འགྲུལ་སྐྱོད་བཀག་དམ་མ་འབད་བའི་ཧེ་མ་ རྡོ་རྗེ་འཕྲིན་ལས་ཀྱིས་ བཞེས་སྒོ་དང་ ཚོད་བསྲེའི་དོན་ལུ་ མི་ཚུ་ལུ་ མོ་བཏབ་རྩིས་བཏབ་ཚུ་ འབད་སྡོད་ཡོདཔ་ཨིན་པས།

འགྲུལ་སྐྱོད་བཀག་དམ་སྐབས་ རྒེད་འོག་གིས་ བཟའ་ཚང་དེ་ བཟའ་ནི་འཐུང་ནི་མེདཔ་ལས་ འཚོ་བ་སྐྱོང་ནི་ལུ་ རྒྱབ་སྐྱོར་གྱི་ དགོས་མཁོ་ཡོད་པའི་ ངོས་འཛིན་འབད་བའི་ཤུལ་ལས་ སྐྱིད་སྡུག་ཐོག་ལུ་ རྒྱགས་སྐལ་ཐོབ་ཡོདཔ་ཨིན་པས།

ནད་ཡམས་དང་ འགྲུལ་སྐྱོད་བཀག་དམ་ལུ་བརྟེན་ དཔལ་འབྱོར་དང་ ཉེན་ཁ་ཡོད་མི་ དེ་ལས་ དབང་པོ་སྐྱོན་ཅན་དང་ འོང་འབབ་ཆུང་རིམ་སྡེ་ཚན་ དེ་ལས་ མི་རྒན་ཤོས་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་ནུག།

ཨིན་རུང་ ན་ཧིང་ སྤྱི་ཟླ་༤ པའི་ནང་ འབྲུག་རྒྱལ་པའི་རྒུད་གསོའི་སྐྱིད་སྡུག་གི་ ལས་རིམ་འགོ་བཙུགས་མི་ལུ་བརྟེན་ ཁེ་ཕན་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་པས།

སྐྱེས་ལོ་༨༥ ལང་མི་ སངས་རྒྱས་མོའི་ བུམོ་༢ གྱོངས་པའི་ཤུལ་ལས་ མོ་ར་ བརྟེན་སྡོད་ནི་ ག་ཡང་མེད་པའི་ཁར་ སྐྱེས་ལོ་༨༣ ལང་མི་ མོ་རའི་རྨགཔ་གིས་ སོ་ནམ་ལཱ་ འབད་མི་ཚུགས་དོ་ཡོདཔ་ཨིན་པས།

སངས་རྒྱས་མོ་གིས་འབད་བ་ཅིན་ འགྲུལ་སྐྱོད་བཀག་དམ་༢ པའི་ནང་ཐོབ་མི་ རྒྱགས་སྐལ་དེ་གིས་ འགྲུལ་སྐྱོད་བཀག་དམ་ལྷོད་ཡངས་བཏང་སྟེ་ བདུན་ཕྲག་༢ དེ་ཅིག་ ལང་ཡོདཔ་བཞིན་དུ་ མི་དབང་མཆོག་ སྐུ་ཚེ་ཞབས་བརྟན་ཅིང་ མཛད་པ་འཕྲིན་ལས་ དར་ཞིང་རྒྱས་བཅུག་ཟེར་ སྨོན་ལམ་བཏབ་དོ་ཟེར་ཨིན་པས།

ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༡༤ འི་ནང་འཁོད་ལུ་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་གི་དོན་ལུ་ མི་༡༣,༤༠༩ གིས་ ཞུ་ཡིག་བཙུགས་མི་ལས་ ཁྱིམ་གུང་པ་༡,༠༠༠ ལྷགཔ་ཅིག་གིས་ རྒྱགས་སྐལ་སྐྱིད་སྡུག་ ཐོབ་མི་ཚུ་ཡང་ མང་ཤོས་ར་ ཐིམ་ཕུག་ལས་ཨིན་པས།

སྐྱིད་སྡུག་ཡིག་ཚང་དང་འཁྲིལཝ་ད་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༢༤ ལས་ སྐྱིད་སྡུག་འཕྲོ་མཐུད་ བྱིན་ནི་གི་ གསལ་བསྒྲགས་འབད་བའི་ཤུལ་ལས་ སྐྱིད་སྡུག་གི་ ཞུ་ཡིག་བཙུགས་མི་ ཡར་སེང་སོང་ནུག།

མི་སྡེ་བརྡ་བརྒྱུད་ཚུ་ནང་ ཕམ་ལ་ལོ་ཅིག་གིས་ གལ་སྲིད་ སྐྱིད་སྡུག་ལས་རིམ་མེད་པ་ཅིན་ རང་སོའི་ཨ་ལོ་ཚུ་ལུ་ བཞེས་སྒོ་བྱིན་ནི་མེད་པའི་ ཚ་གྱང་ཡོད་ལུགས་ཚུ་ བཤད་དེ་ཡོདཔ་ཨིན་པས།

ཀྲོང་གསར་གྱི་ རྒེད་འོག་༡ ནང་ བཟའ་ནི་འཐུང་ནི་མེད་མི་ ཁྱིམ་གུང་༦༠ ལྷགཔ་ཅིག་ལུ་ རྒྱགས་སྐལ་གྱི་ སྐྱིད་སྡུག་ཐོབ་ཡོད་མི་ཚུ་ཡང་ མང་ཤོས་ར་ རྒན་ཤོས་ཚུ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།



རྒྱགས་སྐལ་གྱི་སྐྱིད་སྡུག་ཐོབ་མི་ཅིག་ཨིན་མི་ སངས་རྒྱས་མོ།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *