ནད་ཡམས་ཀྱི་ཉེན་ཁ་ ཆེ་སུ་སྦེ་ར་ཡོདཔ།

༉ ནད་ཡམས་ཀོ་བིཌ་-༡༩ འི་ ཁྱབ་སྤེལ་རིམ་ཐེངས་༢ པའི་ནང་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ མགྱོགས་དྲགས་སྦེ་ ཁྱབ་འགྱོ་དོ་ཡོད་མི་དང་བསྟུན་ ལྷོ་ཕྱོགས་རྫོང་ཁག་ཚུ་ནང་ ནད་ཡམས་ཐོབ་མི་ མ་ཆད་པར་ཐོནམ་ཨིན་མས།

ཧེ་མ་དང་ཕྱདཔ་ད་ ད་རེས་ ཁྱད་རྣམ་འགྱུར་མི་ནད་འབུབ་དེ་ ཉེན་ཁ་ཆེ་དྲགས་སྦེ་ཡོདཔ་མ་ཚད་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ད་ སྙན་ཞུ་ཚུ་དང་འཁྲིལཝ་ད་ སྨན་བཅོས་དང་ སྔོན་འགོག་གི་ ཐབས་ལམ་བཏོན་མི་ཚུ་གིས་ དེ་ཅིག་ར་ ཕན་ནུས་མིན་འདུག་ཟེར་ཨིན་མས།

ལོ་རྒྱུས་དང་འཁྲིལཝ་ད་ འདས་པའི་ལོ་ནང་ ཡུ་རོབ་ལུ་ ནད་ཡམས་ཐོན་པའི་སྐབས་ སུའི་ཌེན་གྱིས་ ཟླཝ་༣ གྱི་རིང་ བཀག་དམ་ཚུ་ ག་ནི་ཡང་མ་འབད་བར་ ཨ་རྟག་ཧར་ལུགས་སྦེ་སྡོད་རུང་ ཟླཝ་༣ གྱི་ཤུལ་ལས་ ནད་ཡམས་ཁྱབ་སྤེལ་འགྱོ་མི་དེ་གིས་ མི་གྲངས་༥,༤༢༠ ལུ་ ཤི་རྐྱེན་བྱུང་ནུག།

དེ་ཡང་ ག་འཆརཔ་ཟེར་བ་ཅིན་ སུའི་ཌེན་གཞུང་གིས་ ཟ་ཁང་དང་ རྩེད་རིགས་ ཚོང་ཁང་ དེ་ལས་ སློབ་གྲྭ་ཚུ་ སྒོ་ཕྱེས་བཞག་མི་ལུ་བརྟེན་ཨིནམ་ད་ ཁྱིམ་ཚང་རྒྱལ་ཁབ་ཚུ་གིས་ མི་སྤུངས་འཛོམས་འབད་མ་བཅུག་པའི་ཁར་ ཟ་ཁང་དང་ ཚོང་ཁང་ཚུ་ སྒོ་བསྡམས་བཞག་མི་དང་ ཟུར་བཞག་ཁང་གི་སྒྲིག་གཞི་ཚུ་ སྒྲིང་སྒྲི་སྦེ་ ལག་ལེན་འཐབ་ནི་དེ་གིས་ མིའི་ཚེ་སྲོག་དང་ དཔལ་འབྱོར་ལུ་ གནོད་ཉེན་གངམ་མ་འབྱུང་པས།

ཞིབ་འཚོལ་པ་དང་ དཔལ་འབྱོར་མཁས་མཆོག་ཚུ་གིས་འབད་བ་ཅིན་ དུས་ཐོག་ལུ་ འགྲོ་འགྲུལ་བཀག་དམ་དང་ ལྷོད་ཡངས་གཏང་པ་ཅིན་ ནད་ཡམས་འཐོབ་ནི་ལས་ སྔོན་འགོག་འབད་ནི་དང་ ཚོང་འབྲེལ་ལུ་ གྱོང་རྒུད་ཕོག་ནི་ལས་ བཀག་ཐབས་འབད་ནིའི་ ཐབས་ལམ་དྲག་ཤོས་ཅིན་ཨིནམ་སྦེ་ ངོས་འཛིན་འབདཝ་ཨིན་མས།

ཁྱིམ་ཚང་རྒྱལ་ཁབ་ཚུ་ནང་ ནད་ཡམས་དེ་ མགྱོགས་དྲགས་སྦེ་ ཁྱབ་སྤེལ་འགྱོ་དོ་ཡོད་མི་དང་བསྟུན་ རྒྱ་གར་ལུ་ ཉིན་བསྟར་བཞིན་དུ་ མི་འབུམ་ལས་བཅད་དེ་ ནད་ཡམས་ཐོབ་དོ་ཡོདཔ་ད་ འདི་བཟུམ་སྦེ་ འདས་པའི་ཉིནམ་དག་པ་ཅིག་ནང་ ནེ་པཱལ་ལུ་ཡང་ ནད་ཡམས་ཐོབ་མི་དང་ ཤི་རྐྱེན་བྱུང་མིའི་གྱངས་ཁ་ ཡར་སེང་སོང་ནུག།

ང་བཅས་རའི་ རྒྱལ་ཁབ་ནང་འབད་རུང་ གནས་སྟངས་ཉེན་ཁ་ཅན་ཡོདཔ་ལས་ སྔོན་འགོག་དང་ ཚད་འཛིན་འབད་ནིའི་དོན་ལུ་ ཉེན་ཁ་ཅན་གྱི་ས་ཁོངས་དང་ གཙུག་སྡེ་ མི་རློབས་མངམ་ཡོད་མི་ རྫོང་ཁག་ཚུ་ནང་ འཕྲལ་འཕྲལ་སྦེ་ར་ གསོ་བའི་བརྟག་དཔྱད་འབད་དགོཔ་འདུག།

སྤྱིར་བཏང་མི་སེར་ཚུ་གིས་འབད་རུང་ རྒྱལ་ཡོངས་ཀོ་བིཌ་ལས་བྱེད་ཚོགས་ཆུང་གིས་ ཉེན་སྲུང་གི་ ཐབས་ལམ་བཏོན་མི་དང་ སྒྲིག་གཞི་བཟོ་མི་ཚུ་ལུ་ ཚུལ་མཐུན་གནས་དགོཔ་མ་ཚད་ བདེ་སྲུངཔ་དང་ ཁྲིམས་སྲུང་འགག་པ་ཚུ་ལུ་ བཀག་འཛིན་ཚུ་ བསྟར་སྤྱོད་འབད་ནིའི་ནང་ ལྷན་ཐབས་རྒྱབ་སྐྱོར་འབད་དགོཔ་འདུག།

མ་འོངས་པ་ལུ་ འཇམ་ཐབས་བཟོ་ནིའི་དོན་ལས་ ཚོགས་ཐེངས་འདི་ནང་ སྤྱི་ཚོགས་ཀྱིས་ འདི་བཟུམ་མའི་ ནད་ཡམས་སྐབས་ ཉེན་སྲུང་གི་ ཐབས་ལམ་བཏོན་མི་ཚུ་ལུ་ ངོས་ལེན་འབད་དགོ་པའི་ ཁྲིམས་ལུགས་ཅིག་བཟོ་བ་ཅིན་ ཕན་ཁྱད་ཆེ་ནི་ཨིནམ་ད་ དེ་དང་བསྟུན་ ཁྲིམས་ལུ་གནས་མ་བཏུབ་མི་ཚུ་ ཁོང་ར་གིས་ ཟད་འགྲོ་གཏང་བཅུག་སྟེ་ ཟུར་བཞག་འབད་དགོཔ་འདུག།

ནད་ཡམས་ཀོ་བིཌ་-༡༩ འི་ སྨན་ཁབ་ཐེངས་༢ པ་ བཙུགས་ནིའི་དོན་ལུ་ བདུན་ཕྲག་དག་པ་ཅིག་ལས་མེདཔ་བཞིན་དུ་ མི་དབང་མངའ་ཞབས་མཆོག་གི་ བླ་ན་མེད་པའི་དབུ་ཁྲིད་དང་ ལམ་སྟོན་བཟང་པོའི་འོག་ལུ་ གཅིག་མཐུན་དང་ གཅིག་སྒྲིལ་ཐོག་ལས་ ནད་ཡམས་ཀྱི་ གདོང་ལེན་འབད་དགོཔ་འདུག།

About admin

Check Also

གསར་སྤང་ཊཱར་ལུ་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུའི་དྲི་བཀོད་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ ཞབས་ཏོག་བློན་པོ་ རྡོ་རྗེ་ཚེ་རིང་གིས་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གསར་སྤང་ཊཱར་གྱི་ ས་གནས་གོང་འཕེལ་ས་ཁོངས་ནང་ ལོ་༢ དེ་ཅིག་གི་རྒྱབ་ལས་ ཁྱིམ་ཚུ་ བཟོ་སྐྲུན་འབད་ཚུགས་ཟེར་ཨིན་པས། ད་རེས་ …

Leave a Reply

Your email address will not be published. Required fields are marked *