ནད་གཡོགཔ་ཨམ་སྲུ་ལུ་ དྲན་ཉམས་སྨན་ཁབ་བཙུགས་མི་ འཕྲུལ་ལསཔ་དགོངས་ཕོག་བཏོན་ཡོདཔ།

གསོ་བའི་ལྷན་ཁག་གིས་ གསོ་བའི་ལས་བྱེདཔ་ཡོངས་ལུ་ དམ་དམ་སྦེ་ གནས་བཅུག་ནིའི་དོན་ལུ་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་དང་ གཞི་བཀོད་བཟོ་ནི་ཨིན་པས།

དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ དྲན་མེད་དམ་ ཚོར་མེད་ཀྱི་ སྨན་ལག་ལེན་འཐབ་མི་ འཕྲུལ་ལསཔ་ཅིག་གིས་ ནད་གཡོག་རྒྱུག་མི་ ཨམ་སྲུ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ ཁ་ཉེས་ཡོད་པའི་ བྱུང་རྐྱེན་བཟུམ་ མ་འོངས་པ་ལུ་  འཐོན་ནི་མེདཔ་ བཟོ་ཐབས་ལུ་ཨིན་ཟེར་ ཁ་ཙ་ གསོ་བའི་ལྷན་ཁག་གིས་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།

སྐྱེས་ལོ་༣༠ ལང་མི་ གཤག་བཅོས་ཁང་མིག་གི་ འཕྲུལ་ལསཔ་དེ་གིས་ ཁོ་གིས་ སྤྱི་ཟླ་༤ པའི་ཚེས་༥ གི་ནུབ་མོར་ སྐྱེས་ལོ་༢༨ ལང་མི་ ནད་གཡོགཔ་ཨམ་སྲུ་དེ་ལུ་ དྲན་ཉམས་སྨན་ཆུ་ཕེན་ཊ་ནེལ་གྱི་ ཁབ་བཙུགས་པའི་ཤུལ་ལུ་ འདོད་སྤྱོད་འབད་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ཨིན་རུང་ ལུས་འབྲེལ་དེ་ མོས་མཐུན་ཐོག་ལས་ འབད་ཡི་ཟེར་ཨིན་པས།

གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ ཁ་ཙ་ གསོ་བའི་བཟའ་ཚང་ལུ་ ཡི་གུ་ཅིག་ བྲིས་མི་དེ་ནང་ མནོ་བསམ་ར་བཏང་མ་ཚུགས་པའི་ བྱ་ངན་འཐབ་མི་དེ་ལུ་ མི་སེར་མང་ཤོས་ཅིག་ལུ་ ཁོང་ཁྲོ་དང་ ཚོར་སྣང་དྲག་པོ་བྱུང་དོ་བཟུམ་ ཁོ་ལུ་ཡང་ བཟོད་མ་ཚུགས་པའི་ ཚ་གྱང་དང་ སེམས་ཕམ་སྦོམ་བྱུང་སྟེ་ཡོད་ཟེར་བཀོད་ནུག།

གནས་ཚུལ་གསར་བཏོན་ནང་ གསོ་བའི་ལྷན་ཁག་དེ་ སྟབས་ངན་ལུ་བརྟེན་ཏེ་ བློ་ཕམ་བྱུང་ཡོདཔ་མ་ཚད་ ཉམས་རྒུདཔ་དང་ ཉམས་རྒུད་པའི་ བཟའ་ཚང་དང་ སྤུན་ཆ་ཚུ་ལུ་ འདི་བཟུམ་མའི་ སྡུག་བསྔལ་མྱོང་བཅུག་མི་དེ་ལུ་ སེམས་ཕམ་ཡོད་ཟེར་བཀོད་ཡོདཔ་ད་ ང་བཅས་ཀྱིས་ བྱ་ངན་འབད་མི་ འཕྲུལ་ལསཔ་གི་ བཟའ་ཚང་འཐུས་མི་ཚུ་ལུ་ཡང་ སེམས་སྒྲིང་སྒྲི་སྦེ་ སྡོད་དགོ་པའི་ སེམས་གསོ་ཡང་ འབད་དོ་ཟེར་ གསོ་བའི་བློན་པོ་གིས་ བཤདཔ་ཨིན་པས།

བློན་པོ་གིས་འབད་བ་ཅིན་ གསོ་བའི་ལས་བྱེདཔ་ཅིག་གིས་ ཁོ་རའི་ཀུན་སྤྱོད་རྣམ་གཞག་ལས་འགལ་ཏེ་ བྱ་ངན་འཐབ་མི་དེ་ རྣམ་རྟོག་ལང་སི་སི་དང་ སེམས་ཕམ་སི་སི་ཅིག་ཨིན་པའི་ཁར་ སྟབས་ངན་དེ་ཡང་ ནདཔ་ཚུ་སྨན་བཅོས་དང་ བདག་འཛིན་འཐབ་སྟེ་ ཉེན་སྲུང་ཡོད་པའི་ ས་གོ་དང་ མི་སེར་ཚུ་ལུ་ སྨན་བཅོས་ཀྱི་ ཞབས་ཏོག་མཁོ་སྤྲོད་འབད་ནིའི་དོན་ལུ་ རང་སོའི་མཐའ་དོན་དང་ སྟབས་བདེ་ཧིང་ཚུ་ རྒྱབ་སྐྱོར་ཐོག་ལས་ ཕྱག་ཞུ་མི་ ཁྱད་ཅན་གྱི་ ལས་གཡོགཔ་ཚུ་གི་ བདག་འཛིན་འོག་ལུ་ བྱ་ངན་བྱུང་མི་ལུ་བལྟ་སྟེ་ ཧེང་སྐལ་ར་ བློ་ཕམ་བྱུང་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཨིན་པས།

ནམ་ཡང་བརྗེད་མ་ཚུགས་པའི་ བྱ་ངན་འཐབ་མི་དེ་ལུ་ ཁྲིམས་ཀྱི་རིམ་གྱིས་པ་དང་འཁྲིལ་ ཐག་བཏོག་འོང་ཟེར་ བློན་པོ་གིས་ བཤད་པའི་ཁར་ འཕྲུལ་ལསཔ་དེ་གིས་ ཁོ་རའི་མིང་གཏམ་མེདཔ་བཏང་པ་གིས་མ་ཚད་ རྒྱལ་ཁབ་ནང་ ལོ་ངོ་བཅུ་ཕྲག་ལེ་ཤ་ཅིག་གི་རིང་ གསོ་བའི་སྨན་བཅོས་ལམ་ལུགས་ཀྱི་ མིང་གཏམ་ལེགས་ཤོམ་བཟོ་ཡོད་མི་ལུ་ཡང་ ཐོ་སྦོམ་སྦེ་ར་ ཕོག་ཅི་ཟེར་ཨིན་པས།

འབྲུག་གསོ་བའི་ཚོགས་སྡེ་གིས་ སྤྱི་ཟླ་༤ པའི་ཚེས་༡༢ ལས་ འཕྲུལ་ལསཔ་དེ་ ཚོགས་སྡེ་དང་གཅིག་ཁར་ ཐོ་བཀོད་འབད་ཡོད་མི་དེ་ གནས་སྐབས་ཅིག་ དགོངས་ཕོག་བཏོན་ཡོདཔ་ཨིན་པས།

ཚོགས་སྡེའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བརྡ་བརྒྱུད་ནང་ཐོན་མི་ གནས་ཚུལ་དང་ ཁྲིམས་སྲུང་འགག་སྡེའི་ ཞིབ་དཔྱད་གྲུབ་འབྲས་དང་འཁྲིལ་ འཕྲུལ་ལསཔ་དེ་ལུ་བརྟེན་ མི་མང་གི་ ཉེན་སྲུང་ལུ་ གནོད་ཉེན་ཡོད་པའི་ཁར་ ཁྱད་གཡོག་གི་ ཀུན་སྤྱོད་རྣམ་གཞག་ལས་ འགལ་ཡོད་མི་ལུ་བརྟེན་ ཚོགས་སྡེ་གིས་ དགོངས་ཕོག་བཏོན་ཡོདཔ་བཞིན་དུ་ དགོངས་ཕོག་དེ་ཡང་ ཁྲིམས་འདུན་ལས་ འཁྲུན་ཆོད་མ་གནང་ཚུན་ཚོད་ གནས་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཚོགས་སྡེ་གིས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ བྱ་ངན་གྱི་སྙན་ཞུ་ ཚོགས་སྡེ་ལུ་ བཙུགས་དགོཔ་སྦེ་ ཡི་གུ་བྲིས་ཡོདཔ་ད་ སྙན་ཞུ་དེ་ ཚོགས་སྡེའི་ཁྱད་གཡོག་ཀུན་སྤྱོད་ཚོགས་ཆུང་གིས་ བསྐྱར་ཞིབ་འབད་འོང་ཟེར་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *