ནད་གཡོགཔ་ཨམ་སྲུ་ཅིག་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་དོགས་པ།

༉ སྤྱི་ཟླ་༤ པའི་ཚེས་༥ གི་ནུབ་མོར་ ཐིམ་ཕུག་འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྨན་གཡོགཔ་ཕོ་སྐྱེས་ཅིག་གིས་ ནད་གཡོག་རྒྱུག་མི་ ཨམ་སྲུ་ཅིག་ དབང་བཙོང་འདོད་སྤྱོད་འབད་བའི་ ཁ་ཉེས་ཡོད་མིའི་ རྩོད་དོན་དེ་ ཞིབ་དཔྱད་འབད་ནིའི་དོན་ལུ་ ཁྲིམས་སྲུང་འགག་སྡེ་དང་ ཚན་རིག་བརྟག་དཔྱད་སྡེ་ཚན་ལུ་ བཏང་ཡོདཔ་ཨིན་པས།
གནས་ཚུལ་བྱིན་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ དེ་ཚེ་ནུབ་མོའི་ ཆུ་ཚོད་༡༡ དང་ དྲོ་པའི་ཆུ་ཚོད་༡ གི་བར་ན་ བྱུང་བྱུངམ་བཟུམ་ཅིག་ འདུག་ཟེར་ཨིནམ་ད་ ཉམས་རྒུདཔ་ཨམ་སྲུ་དེ་ གཤག་བཅོས་འབད་ཡོད་མི་ མོ་རའི་ཨ་མའི་ ནད་གཡོགཔ་སྦེ་ འོང་ཡོདཔ་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉམས་རྒུདཔ་ཨམ་སྲུ་དེ་ དྲན་པ་ལྷོད་པའི་སྐབས་ གློ་བུར་ནད་བརྟག་ཁང་ནང་ ལྷོད་ནུག་ཟེར་ཨིནམ་ད་ མོ་གིས་ མོ་མཚན་མ་བདེ་ཁག་ཁ་འབད་དོ་ཡོད་པའི་སྐོར་ལས་ སླབ་མི་ལུ་བརྟེན་ བརྟག་དཔྱད་འབད་ནིའི་དོན་ལུ་ ཚན་རིག་བརྟག་དཔྱད་སྡེ་ཚན་ནང་ བཏང་ནུག་ཟེར་ཨིན་པས།
ལོ་རྒྱུས་དང་འཁྲིལཝ་ད་ བྱུང་རྐྱེན་གྱི་ཧེ་མར་ ཉམས་རྒུདཔ་གི་ ཨ་མ་ལུ་ ཁྲག་དགོཔ་ཡོདཔ་ལས་ དེ་ཚེ་ནུབ་མོར་ སྒྲིག་གཡོག་ནང་སྡོད་མི་ དོགས་པ་ཅན་ སྨན་གཡོགཔ་དེ་གིས་ ནད་གཡོགཔ་དེ་ ཁྲག་བརྟག་དཔྱད་འབད་བར་ འོང་དགོཔ་སྦེ་ སླབ་མི་ལུ་བརྟེན་ བརྟག་དཔྱད་ཁང་ནང་ སོང་ནུག་ཟེར་ཨིནམ་ད་ དེ་བསྒང་ དོགས་པ་ཅན་གྱིས་ མོ་གི་ལག་ཚིགས་གུ་ ཁབ་བཙུགས་པའི་ཤུལ་ལས་ མོ་ར་ དྲན་པ་མེདཔ་ཐལ་སོ་ནུག་ཟེར་ཨིན་པས།
གནས་ཚུལ་བྱིན་མི་གིས་ སླབ་མིའི་ནང་ ཚན་རིག་བརྟག་དཔྱད་སྡེ་ཚན་གྱིས་ དོགས་པ་ཅན་གྱིས་ ཉམས་རྒུདཔ་དེ་ དབང་བཙོང་འདོད་སྤྱོད་འབད་ཡོད་མེད་ བརྟག་དཔྱད་འབད་བའི་བསྒང་ཡོད་རུང་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་མི་ལུ་བརྟེན་ དོགས་པ་ཅན་དེ་ ཁ་ཙ་ ཁོ་རའི་ཁྱིམ་ནང་ལས་ འཛིན་བཟུང་འབད་ནུག་ཟེར་ཨིན་པས།
གནད་དོན་དེ་ ད་ལྟོ་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ ཡོདཔ་བཞིན་དུ་ ཉམས་རྒུདཔ་གི་ ཚན་རིག་བརྟག་དཔྱད་ཀྱི་ གྲུབ་འབྲས་དེ་ཡང་ ད་རིས་ འཐོན་ནི་ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *