ནད་གཞི་ཨེཆ་ཨའེ་བི/ཨེཌསི་ལུ་ གདོང་ལེན་འབད་ནི་གི་ ཐབས་ལམ་མངམ་བཏོན་དགོཔ།

༉ གསོ་བ་ལྷན་ཁག་གིས་ ནད་གཞི་གསརཔ་ཐོབ་མི་ཚུ་གི་སྐོར་ལས་ སྙན་ཞུ་གསརཔ་རེ་ གསར་བཏོན་འབདཝ་ད་ རྒྱལ་ཁབ་ནང་ གདུག་ཅན་ནད་གཞི་ཨེཌསི་གི་རྒྱུ་ ཨེཆ་ཨའེ་མི་ནད་འབུབ་ཐོབ་མིའི་གྱངས་ཁ་ ཟླ་རིམ་བཞིན་དུ་ ཡར་སེང་འགྱོ་མི་ལུ་ བལྟ་བ་ཅིན་ ང་བཅས་ར་ ཚ་གྱང་ལང་དགོཔ་ཅིག་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ འདས་པའི་ཟླཝ་༦ ལྷགཔ་ཅིག་གི་ ནང་འཁོད་ལུ་ རྒྱལ་ཁབ་ནང་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་གསརཔ་༢༧ ངོས་འཛིན་བྱུངམ་ལས་ སྤྱི་ལོ་༡༩༩༣ ལས་འགོ་བཙུགས་ ལོ་ངོ་༢༥ གི་ནང་ ནད་གཞི་ཐོབ་མི་བསྡོམས་༥༩༧ ལུ་ ལྷོད་དེ་འདུག།
གནས་ཐོ་དང་འཁྲིལ་བ་ཅིན་ ད་རེས་ནངས་པར་ ནད་འབུབ་དེ་གི་ཐོག་ལུ་སྡོད་མི་༤༥༢ ཡོད་མི་ལས་༤༢༢ ཡུན་གནས་ཀྱི་ སྨན་བཅོས་འབད་བའི་བསྒང་ཡོདཔ་བཞིན་དུ་ ནད་འབུབ་ལས་ ཨེཌསི་ལུ་གྱུར་ཏེ་ ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ནུག།
ང་བཅས་ལུ་ ཚ་གྱང་ལང་དགོཔ་གཞན་ ག་ཅི་ཡོདཔ་སྨོ་ཟེར་བ་ཅིན་ གསོ་བའི་ཁ་ཐུག་ལས་ ནད་གཞི་ཐོབ་མི་ལེ་ཤ་ཅིག་གིས་ར་ གསོ་བའི་བསླབ་བཀོད་ལུ་ མ་ཉན་མི་དང་ བརྟག་དཔྱད་འབད་བར་ འོང་མ་བཏུབ་མི་དེ་ཨིནམ་ད་ ང་བཅས་རའི་ མི་སྡེའི་ནང་ ངོ་ཚ་ནི་དང་ རྣམ་རྟོག་ལང་ནི་དེ་ སྤང་ཐབས་མེད་པའི་ མནོ་ལུགས་ཅིག་འབདཝ་ལས་ མི་མང་ཤོས་ཅིག་གིས་ར་ རང་སོའི་ཁས་བླངས་ཐོག་ ནད་འབུབ་ཐོབ་ཡོད་མེད་ བརྟག་དཔྱད་འབད་མ་བཏུབ་མི་ལུ་བརྟེན་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མིའི་ གྱངས་ཁ་དེ་༥༩༧ མེན་པར་ སྟོང་ཕྲག་ལས་བཅད་དེ་ འོང་སྲིད་ནི་ཨིན་མས།
སྤྱི་ལོ་༢༠༡༨ ལུ་ འཛམ་གླིང་སྤྱི་ཚོགས་ཨེཌསི་ལས་སྡེ་གིས་ སྔོན་རྩིས་བཏོན་མི་དང་འཁྲིལཝ་ད་ འབྲུག་རྒྱལ་ཁབ་ནང་ ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ ཉུང་ཤོས་ར་ ༡,༢༦༥ དེ་ཅིག་འོང་ཟེར་ཨིནམ་ད་ ད་རེས་ནངས་པར་ འབྲུག་ལུ་ ནད་གཞི་ཐོབ་མི་བརྒྱ་ཆ་༨༠ དེ་ཅིག་ སྐྱེས་ལོ་༢༠ ལས་༤༩ འི་བར་ན་འབད་མི་ཚུ་ཨིནམ་བཞིན་དུ་ གལ་སྲིད་ ང་བཅས་ཀྱིས་ ནད་གཞི་དེ་ བཀག་ནི་དང་ ཕན་ནུས་ཅན་སྦེ་ གདོང་ལེན་མ་འབད་བ་ཅིན་ ནད་གཞི་དེ་ལུ་བརྟེན་ ལྕོགས་གྲུབ་ཅན་གྱི་ མི་མང་རབས་ཅིག་ལུ་ ཐོ་ཕོག་ཉེན་འདུག།
འགྲུལ་སྐྱོད་ཐོག་ ཨེཆ་ཨའེ་བི་བརྟག་དཔྱད་འབད་ནི་དང་ བསླབ་སྟོན་ཞབས་ཏོག་མཁོ་སྤྲོད་འབད་ནི་ དེ་ལས་ སྨན་བཅོས་ཀྱི་ ཕན་ནུས་ལྟ་རྟོག་མཐུན་རྐྱེན་དང་ མོ་མཚན་ཤུབས་བཏོན་འཕྲུལ་༥༥ གཞི་བཙུགས་འབད་མི་དེ་ བསྟོད་པར་འོས་པའི་ འབད་རྩོལ་ཨིནམ་མ་ཚད་ ཁས་བླངས་ཐོག་ལས་ བརྟག་དཔྱད་དང་ དུས་རྒྱུན་གསོ་བའི་བརྟག་དཔྱད་ལུ་བརྟེན་ ནད་གཞི་ཐོབ་མི་ བརྒྱ་ཆ་༣༧ དང་ བརྒྱ་ཆ་༢༢ དེ་ཅིག་ འབྲེལ་བ་འཐབ་པའི་སྐབས་ བདའ་ཟུན་ཚུགས་ནུག།
དེ་འབདཝ་ད་ ང་བཅས་ཀྱིས་ ད་རུང་ བརྩོན་ཤུགས་ཐེབས་བསྐྱེད་ཚུགས་པ་ཅིན་ ནད་གཞི་ཐོབ་མི་ མངམ་བདའ་ཟུན་ནི་དང་ ནད་གཞི་སྔོན་འགོག་འབད་ནི་ལུ་ ལྷན་ཐབས་འབད་ཚུགས། ང་བཅས་རའི་ འབྲུག་མི་ཚུ་གིས་ འདོད་སྤྱོད་འབད་བའི་སྐབས་ལུ་ ཉེན་སྲུང་གི་ ཐབས་ཤེས་དང་ ཕོ་མཚན་ཤུབས་ རྒྱ་ཆེཝ་སྦེ་ ལག་ལེན་འཐབ་ནི་མེད་མི་ལུ་བརྟེན་ ནད་ཐོབ་ཨིན་པའི་ མངོན་གསལ་བྱུང་ནུག།
ཨེཆ་ཨའེ་བི་ནད་འབུབ་ཐོབ་མི་ མང་ཤོས་ར་ ནང་གི་ཨམ་དང་ སོ་ནམ་པ་ ཚོང་འབྲེལ་འཐབ་མི་ཚུ་ཨིནམ་ད་ དེ་གི་འོག་ལས་ར་ དེད་གཡོགཔ་དང་ ཞི་གཡོགཔ་ཚུ་ཨིནམ་ལས་ མི་སྡེའི་ནང་ ནད་གཞི་ཁྱབ་སྤེལ་འགྱོ་ནི་གི་ ཉེན་ཁ་སྦོམ་འདུག།
འདི་འབདཝ་ལས་ ཨེཆ་ཨའེ་བི་ནད་འབུབ་ སྔོན་འགོག་འབད་ནི་དང་ གདོང་ལེན་འབད་ནིའི་དོན་ལུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ གོ་བརྡོ་སྤྲོད་ནི་དང་ ཉེན་སྲུང་མེད་པའི་ ལུས་འབྲེལ་འབད་ནི་གི་ ལས་རིམ་ཚུ་ རྒྱུན་མ་ཆད་པར་ འགོ་འདྲེན་འཐབ་ནི་དེ་གལ་ཆེ།
དེ་གི་ནང་དོན་ཉིད་ལས་ ང་བཅས་ཀྱིས་ ག་ལྷོད་སར་ འདོད་སྤྱོད་འབད་ནི་དང་ ས་མཚམས་ཁྲོམ་སྡེ་ཚུ་ནང་ གཞང་བཙོང་དང་འབྲེལ་བའི་ ལྟ་རྟོག་དམ་སྒྲིང་འབད་དགོཔ་མ་ཚད་ མི་སྡེའི་རྣམ་རྟོག་ རྩ་མེད་བཟོ་ནི་གི་ ཐབས་ལམ་བཏོན་དགོ།

About admin

Check Also

ཐིམ་ཕུག་ལུ་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་རྐྱབ་ནིའི་ ས་སླང་རྟེནའབྲེལ།

༉ སྤྱི་ལོ་༢༠༢༥ འི་ ལོ་མཇུག་བསྡུ་ཁམས་ལས་ ཐིམ་ཕུག་གི་ ཆུ་རྩལ་རྐྱབ་སའི་ ས་ཁོངས་ནང་སྦེ་ རྒྱལ་ཁབ་ནང་ ཊའི་ཀཱོན་ཌོ་རྩེད་རིགས་ལུ་ དགའ་མི་ཚུ་གིས་ རྒྱལ་སྤྱིའི་གནས་ཚད་དང་ལྡན་པའི་ ཊའི་ཀཱོན་ཌོ་གི་མཐུན་རྐྱེན་ མཐོང་ཚུགས་ནི་ཨིན་པས། དེ་ཡང་ ཁ་ཙ་ …

Leave a Reply

Your email address will not be published. Required fields are marked *