ནད་གཞི་ཨེཆ་ཨའེ་བི་/ཨེཌསི་ སྔོན་འགོག་དོན་ལུ་ སྤྱི་རུབ་འགན་ཁུར་འབག་དགོཔ།

༉ གསོ་བའི་ལྷན་ཁག་གི་ མི་མང་འཕྲོད་བསྟེན་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་ ནད་གཞི་ཨེཆི་ཨའེ་བི་/ཨེཌསི་ སྔོན་འགོག་དང་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ཐབས་འབད་ནིའི་དོན་ལུ་ ཐབས་བྱུས་སྣ་ཚོགས་བཏོན་ཡོད་རུང་ ཨེཆ་ཨའེ་བི་ཐོབ་མིའི་གྱངས་ཁ་དེ་ མར་འབབ་འགྱོ་ནི་མེན་པར་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་བའི་ མངོན་གསལ་བྱུངམ་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ འདས་པའི་ཟླཝ་༦ གི་ནང་འཁོད་ལུ་ ད་རུང་ རྒྱལ་ཁབ་ནང་ མི་གྲངས་༣༣ ལུ་ ཨེཆ་ཨའེ་བི་ནད་འབུབ་ཐོབ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ལས་ ད་རེས་ རྒྱལ་ཁབ་ནང་ ནད་གཞི་ཐོབ་མིའི་ གྱངས་ཁ་དེ་ ཡོངས་བསྡོམས་༥༤༨ ལུ་ ལྷོད་ནུག།
གཅིག་ལས་བལྟ་བ་ཅིན་ གསོ་བའི་ལྷན་ཁག་གིས་ རྒྱལ་ཁབ་མཐའ་དབུས་མེད་པར་ ནད་གཞི་ཨེཆ་ཨའེ་བི་/ཨེཌསི་གི་སྐོར་ལས་ གོ་བ་བརྡ་སྤྲོད་ཀྱི་ལས་རིམ་ཚུ་ དུས་དང་དུས་སུ་ འགོ་འདྲེན་འཐབ་མ་ཚད་ མི་མང་གིས་ ཤེས་རྟོགས་བྱུང་ཡོད་རུང་ འཐུས་ཤོར་ཅིག་ ག་ཅི་བྱུངམ་མས་ག་ཟེར་བ་ཅིན་ འབྲུག་མི་ཚུ་གིས་ ལག་ལེན་དངོས་བསྟར་འཐབ་པའི་སྐབས་ སྔོན་འགོག་གི་ཐབས་ལམ་ དཔེ་འབད་བ་ཅིན་ ཕོ་མཚན་བཤུབ་ལ་སོགས་པ་ཚུ་ ལག་ལེན་འཐབ་ནི་ལུ་ ངོས་ལེན་གངམ་ མི་འབད་དོ་ཡོདཔ་ཨིན་མས།
དེ་མ་ཚད་ འབྲུག་པའི་མི་སྡེ་ནང་ ག་ཏེ་ལྟ་རུང་ འདོད་སྤྱོད་ཀྱི་ གནས་སྟངས་ནང་ལྷོདཔ་ད་ ཧ་ལམ་ འཚེར་སྣང་མེད་པའི་ཐོག་ གོ་ཡངས་སུ་ཅིག་སྦེ་ར་ མཐོངམ་ཨིན་མས།
ནད་གཞི་ཐོབ་མིའི་གྱངས་ཁ་ལུ་ལྷཝ་ད་ ང་བཅས་ར་འབྲུག་མི་ཚུ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་རུང་ སྔ་གོང་ལས་ ནད་གཞི་ཐོབ་ཡོད་པའི་ ངོས་འཛིན་འབད་ཚུགས་ནི་དེ་གིས་ ལེགས་པའི་གྲུབ་འབྲས་ཅིག་ཨིན་པའི་ ཚོར་སྣང་ཡང་ བྱུངམ་ཨིན་མས།
ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་ ནདཔ་གསརཔ་ཚུ་ སྐྱེས་ལོ་༡༥ དང་༤༩ གི་ བར་ན་འབད་མི་ཚུ་ཨིནམ་བཞིན་དུ་ དུས་ཅི་ སྤྱི་ཟླ་༧ པ་ཚུན་ རྒྱལ་ཁབ་ནང་ ཕོ་སྐྱེས་༢༨༤ དང་ ཨམ་སྲུ་༢༦༤ གིས་ ནད་གཞི་ཐོབ་ཡོདཔ་སྦེ་ གསོ་བའི་བརྡ་དོན་དང་ ཞབས་ཏོག་ཡོངས་འབྲེལ་ནང་ གསལ་བཀོད་འབད་ནུག།
གཞུང་གིས་ རྒྱལ་ཁབ་ནང་ ནད་འབུབ་ཨེཆ་ཨའེ་བི་ སྔོན་འགོག་འབད་ནིའི་ ལས་རིམ་ཚུ་ནང་ མ་རྩ་འབོར་ཆེ་ཏོག་ཏོ་སྦེ་ གཞི་བཙུགས་འབད་དོ་ཡོདཔ་ཨིན་རུང་ འདས་པའི་ རྒྱལ་ཡོངས་འཕྲོད་བསྟེན་བརྟག་ཞིབ་དང་འཁྲིལཝ་ད་ ན་གཞོན་གྱི་ མི་འབོར་སྡེ་ཚན་ནང་ ནད་གཞི་དེ་དང་འབྲེལ་བའི་ གོ་རྟོགས་ཀྱི་ གནས་རིམ་དེ་ ཉུང་སུ་ཅིག་སྦེ་ར་ ལུས་ཡོདཔ་སྦེ་ཨིན་མས།
དེ་འབདཝ་ལས་ འབྲུག་ལུ་ ནད་འབུབ་ཨེཆ་ཨའེ་བི་ཐོབ་མི་ བརྒྱ་ཆ་༨༧ དེ་ཅིག་ སྐྱེས་ལོ་༢༠ དང་༤༩ གི་ བར་ན་འབད་མི་ཚུ་ཨིན་མས།
གནད་དོན་གཅིག་ མི་སྡེ་ནང་ ནད་འབུབ་ཨེཆ་ཨའེ་བི་ སྔོན་འགོག་འབད་ནི་དང་ གོ་བརྡ་སྤྲོད་ནིའི་ འགན་ཁུར་དེ་ བརྡ་བརྒྱུད་ཚུ་ལུ་ཡང་ ཕོག་ནི་ཨིནམ་ད་ དེ་ཡང་ བརྡ་བརྒྱུད་ལུ་བརྟེན་ ངོ་རྐྱང་གི་བྱ་སྤྱོད་ཚུ་ བསྒྱུར་བཅོས་འབད་ཚུགས་པའི་ ཕན་ནུས་སྦོམ་ ཡོད་ནི་དེ་གིས་ཨིན།
དེ་འབདཝ་ལས་ བརྡ་བརྒྱུདཔ་ཚུ་གིས་འབད་རུང་ སྤྱིར་བཏང་མི་མང་གི་ འཕྲོད་བསྟེན་ལེགས་བཅོས་འབད་ནི་ལུ་དམིགས་ཏེ་ ནད་གཞི་ཨེཆ་ཨའེ་བི་/ཨེཌསི་གི་ འབྲེལ་ཡོད་གནད་དོན་ཚུ་གི་སྐོར་ལས་ གནས་ཚུལ་བསྡུ་བཀོད་འབད་ནི་ལུ་ ལྷན་ཐབས་འབད་དགོཔ་གལ་ཆེ།
བཅུད་བསྡུ་བ་ཅིན་ ང་བཅས་ར་ ཆ་མཉམ་གྱིས་ སྤྱི་རུབ་ཐོག་ལས་ འགན་ཁུར་འདྲ་མཉམ་འབག་སྟེ་ འབྲུག་མི་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་དང་ ནད་གཞི་ཨེཆ་ཨའེ་བི་/ཨེཌསི་ལས་ སྔོན་འགོག་འབད་ནིའི་ ཐབས་བྱུས་ཚུ་ གང་དྲག་བཏོན་དགོཔ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *