ནད་གཞི་ཀེན་སར་ལས་ བཀག་ཐབས་ལུ་ སྨན་འཕྲོ་མཐུད་བཙུགས་དོ་ཡོདཔ།

༉ ཨམ་སྲུ་མང་ཤོས་ཅིག་ མངལ་སྒོའི་ཀེན་སར་ཐོབ་ཞིནམ་ལས་ ཤི་རྐྱེན་བྱུང་དོ་ཡོདཔ་ད་ སྤྱི་ལོ་༢༠༡༤ ལས་ འགོ་བཙུགས་ཏེ་ སློབ་གྲྭ་ཚུ་ནང་ལས་ཕར་ སྐྱེས་ལོ་༡༢ ལས་༡༨ འི་བར་ན་འབད་མི་ སློབ་ཕྲུག་བུམོ་ཚུ་ག་ར་ ནད་གཞི་ཀེན་སར་ལས་ བཀག་ཐབས་འབད་ནིའི་དོན་ལུ་ སྨན་བཙུགས་ལས་རིམ་ འགོ་བཙུགས་མི་དེ་ ད་ལྟོའི་བར་ན་ཡང་ འཕྲོ་མཐུད་འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ བཤད་མིའི་ནང་ མངལ་སྒོའི་ཀེན་སར་གྱི་ སྨན་ཁབ་དེ་ མི་དབང་རྒྱལ་ཡུམ་སྐུ་བགྲེས་སྐལ་བཟང་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཨམ་སྲུ་ཚུ་ལུ་ གསོལ་རས་བཟུམ་ཅིག་ ཨིན་ཟེར་ཨིན་པས།
མངལ་སྒོའི་ཀེན་སར་གྱི་ སྨན་ཁབ་དེ་ རྒྱལ་ཁབ་ནང་འཁོད་ཀྱི་ གཞི་རྟེན་སྨན་ཁང་ཚུ་ནང་ལུ་ཡང་ བཙུགས་སྲོལ་ཡོདཔ་ཨིན་པས།
བློན་པོ་གིས་ འབད་བ་ཅིན་ དེ་སྦེ་སློབ་གྲྭ་དང་ གཞི་རྟེན་སྨན་ཁང་ཚུ་ནང་ སྨན་ཁབ་བཙུགས་བཅུག་དགོ་མི་དེ་ཡང་ ན་གཞོན་སློབ་ཕྲུག་བུམོ་ཚུ་གིས་ ངོ་ཚཝ་མས་ཟེར་ སྨན་ཁབ་བཙུགས་པར་ མི་འོང་དོ་ཡོདཔ་ལས་ སྐྱེས་ལོ་༡༢ ལས་༡༨ ཀྱི་ བར་ན་འབད་མི་བུམོ་ཚུ་ག་ར་ ངེས་པར་དུ་ རྐྱབ་དགོཔ་སྦེ་ བཟོ་བཟོཝ་ཨིན་ཟེར་ཨིན་པས།
སྨན་ཁབ་དེ་གིས་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༩༧ དེ་ཅིག་ ནད་གཞི་དེ་ལས་ བཀག་ཐབས་འབད་ཚུགས་པའི་ ཁེ་ཕན་ཡོདཔ་སྦེ་ཨིན་པས།
བློན་པོ་གིས་ འབད་བ་ཅིན་ ད་རེས་ནངས་པར་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་མེན་པར་ འཛམ་གླིང་མཐའ་དབུས་མེད་པར་ ཨམ་སྲུ་མང་ཤོས་ཅིག་ མངལ་སྒོའི་ཀེན་སར་ཐོབ་ཞིནམ་ལས་ ཤི་རྐྱེན་བྱུང་མི་ ལེ་ཤ་འདུག་ཟེར་ཨིན་པས།
ཀེན་སར་ཐོབ་མི་ ནདཔ་བརྒྱ་ཆ་༤༠ དེ་ཅིག་ ལོ་བསྟར་བཞིན་དུ་ ཕྱིའི་རྒྱལ་ཁབ་ནང་ སྨན་བཅོས་ཀྱི་དོན་ལུ་ བཏང་དོ་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ གསོ་བའི་མཁས་མཆོག་ཚུ་གིས་ ཞིབ་འཚོལ་འབད་དེ་ བལྟ་བའི་སྐབས་ མངལ་སྒོའི་ཀེན་སར་གྱི་ ནད་འབུབ་དེ་ ཕོ་སྐྱེས་ཚུ་གིས་ མངལ་སྒོའི་ཀེན་སར་ཡོད་མི་ ཨམ་སྲུ་དང་གཅིག་ཁར་ ལུས་འབྲེལ་འབད་བ་ཅིན་ ཨམ་སྲུ་གཞན་དང་གཅིག་ཁར་སྡོདཔ་ད་ སྤེལ་འགྱོཝ་ཨིན་ཟེར་ཨིན་པས།
དེ་འབདཝ་ལས་ ཕོ་སྐྱེས་དང་ཨམ་སྲུ་ ག་ར་འབད་རུང་ ལུས་འབྲེལ་འབད་བའི་ཤུལ་ལུ་ ཆུ་གིས་བཤལ་བཀོ་བ་ཅིན་ དེ་གིས་ཡང་ ནད་གཞི་འཐོབ་ནི་ལས་ བཀག་ཐབས་འབད་ཚུགས་པའི་ ཁེ་ཕན་ཡོདཔ་སྦེ་ སླབ་མས་ཟེར་ཨིན་པས།
མ་གཞི་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ འཕྲལ་མགྱོགས་ར་ ཀེན་སར་སྨན་བཅོས་འབད་ནིའི་ ཞབས་ཏོག་ཚུ་ འགོ་བཙུགས་ནི་ཨིནམ་ད་ ཟླཝ་༦ དེ་ཅིག་གི་ཤུལ་ལས་ མངལ་སྒོའི་ཀེན་སར་སྨན་བཅོས་འབད་ནི་གི་ ཞབས་ཏོག་ཚུ་ཡང་ བཙུགས་ནི་གི་ འཆར་གཞི་ཡོད་པའི་སྐོར་ལས་ སྨན་ཁང་གི་གཙོ་འཛིན་ལྷགཔ་རྡོ་རྗེ་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ ཞབས་ཏོག་ཚུ་ རྒྱལ་ཁབ་ནང་ ངོ་སྤྲོད་འབད་དགོ་མི་དེ་ཡང་ ནདཔ་ཚུ་ ཕྱིའི་རྒྱལ་ཁབ་ནང་ གཏང་ནི་གི་ ཟད་འགྲོ་དེ་ མར་ཕབ་འབད་ནི་དང་ གཉིས་པ་ ནདཔ་དང་ ནད་གཡོགཔ་ཚུ་ རྒྱ་གར་ལུ་ སྡོད་ས་དང་ བཟའ་སའི་དཀའ་ངལ་ཡོདཔ་ལས་ དེ་ཚུ་སེལ་ཐབས་འབད་ནི་ཨིནམ་མ་ཚད་ གསོ་བའི་མཁས་མཆོག་ཚུ་གིས་ ཁྱད་རིག་གི་སྦྱོང་བརྡར་ཚུ་ ཐོབ་ཐབས་ལུ་ཡང་ ཨིན་ཟེར་ཨིན་པས།
རྒྱལ་ཁབ་ནང་ ཀེན་སར་སྨན་བཅོས་ཀྱི་ འཕྲུལ་ཆས་དེ་ཡང་ ཨཱསི་ཊེ་ལི་ཡན་ཀེར་ཟེར་མི་ ལས་སྡེ་དེ་གིས་ ལོ་ངོ་༡༢ ཀྱི་རིང་ ཞབས་ཏོག་བྱིན་ནི་ཨིནམ་ད་ དེ་གི་དོན་ལུ་ ཟླཝ་རེ་ནང་ དངུལ་ཀྲམ་ས་ཡ་༡ རེ་ སྤྲོད་དགོཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

བསྐོར་ཐེངས་དང་པའི་ནང་ སྤ་རོ་ཨེཕ་སི་སྡེ་ཚན་གྱིས་ ཨང་དང་པ་ཐོན་ཡོདཔ།

༉ སྤ་རོ་ ཨེཕ་སི་སྡེ་ཚན་གྱིས་ བསྐོར་ཐེངས་དང་པའི་ནང་ སྐུགས་༢༥ ཐོབ་སྟེ་ ཨང་དང་པ་ཐོན་པའི་སྐབས་ ན་ཧིང་ ཨང་དང་པ་ཐོན་མི་ ཐིམ་ཕུག་སི་ཊི་སྡེ་ཚན་གྱིས་ སྐུགས་༢༣ ཐོབ་སྟེ་ ཨང་༢ པ་ཐོན་ནུག། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *