བློན་པོ་ལྷན་རྒྱས་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ ཞལ་འཛོམས་འཚོགས་པའི་བསྒང་།

ནངས་པར་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་དང་ བློན་པོ་ཚུ་གིས་ དཔའ་རྟགས་བཀབ་ ནེ་ ལོག་རྩིས་སྤྲོད་ནི།

༉ རྒྱལ་ཡོངས་ཚོགས་འདུ་དེ་ ནངས་པར་རྩ་གྲོལ་འགྱོཝ་དང་འབྲེལ་ ཚོགས་འདུའི་འཐུས་མི་ཚུ་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་ རང་སོའི་གོ་གནས་ཀྱི་ངོ་རྟགས་ བཀབ་ནེ་དང་ དཔའ་རྟགས་ཚུ་ ལོག་རྩིས་སྤྲོད་ཐོག་ལས་ སྤྱིར་བཏང་གི་ བཀབ་ནེ་ཚུ་ བཀབ་ནི་ཨིན་པས།
མ་གཞི་ རྒྱལ་གཞུང་ཚོགས་དེ་ གནས་སྐབས་གཞུང་ གཞི་བཙུགས་མ་འབདཝ་ཚུན་ རྩ་གྲོལ་མི་འགྱོ་ནི་ཨིན་རུང་ བློན་ཆེན་དང་ བློན་པོ་ཚུ་ཡང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཨིནམ་ལས་ གོ་གནས་ཀྱི་ ངོ་རྟགས་ཚུ་ཡང་ སྟབས་གཅིག་ཁར་ རྩ་གྲོལ་འགྱོ་དགོ་ཟེར་ ཁ་ཙ་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ བརྡ་བརྒྱུདཔ་ཚུ་ལུ་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ལྷན་རྒྱས་གཞུང་ཚོགས་ རྩ་གྲོལ་མ་འགྱོ་བའི་ཧེ་མ་ལས་ བློན་པོ་ཚུ་གི་ བཀབ་ནེ་དང་ དཔའ་རྟགས་ཚུ་ འཐུས་མི་གཞན་ཚུ་དང་གཅིག་ཁར་ ལོག་རྩིས་སྤྲོད་ནི་ཨིན་མི་དེ་ཡང་ སྲོལ་ཁྱུན་བཟང་པོ་ཅིག་ གཞི་བཙུགས་འབད་ཐབས་ལུ་ཨིན་ཟེར་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྐབས་ཀྱི་གཞུང་ གཞི་བཙུགས་གནང་པའི་ ཉིནམ་དེ་ཁར་ བློན་པོ་ཚུ་གིས་ ལག་ལེན་འཐབ་མི་ གློག་རིག་ལེབ་ཊོབ་དང་ པར་སྐྲུན་མཁོ་ཆས་ལས་འགོ་བཟུང་ གཞུང་འཁོར་ཚུ་ གནས་སྐབས་ཀྱི་གཞུང་ལུ་ རྩིས་སྤྲོད་འོང་ཟེར་ བློན་ཆེན་གྱིས་ གསུངས་པའི་ཁར་ འདི་བཟུམ་མའི་ སྲོལ་ཁྱུན་དེ་ འདས་པའི་གཞུང་གིས་ མ་བཟོ་བས་ཟེར་གསུངས་ཡི།
འབྲུག་གི་རྩ་ཁྲིམས་ཆེན་མོ་དང་འཁྲིལཝ་ད་ གནས་སྐབས་གཞུང་ཡང་ ཉིན་གྲངས་༡༥ གི་ནང་འཁོད་ལུ་ བསྐོ་བཞག་གནང་དགོཔ་ཨིན་པས།
ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་གྱི་ ལས་རིམ་སྐབས་ འཐུས་མི་ག་ར་ འོང་དགོཔ་སྦེ་ བཀའ་གནང་ཡོདཔ་བཞིན་དུ་ དེ་བསྒང་ རྟེན་འབྲེལ་མདོར་བསྡུས་ཅིག་ བརྩི་ཐོག་ལས་ བཀབ་ནེ་དང་ དཔའ་རྟགས་ཚུ་ རྒྱལ་ཡོངས་ཚོགས་ཁང་ནང་ གཅིག་ཁར་སྦེ་ ལོག་རྩིས་སྤྲོད་འོང་ཟེར་ བློན་ཆེན་གྱིས་ གསུངས་ཡི།
ད་རུང་ བློན་ཆེན་གྱིས་ གསུངས་མིའི་ནང་ ལྷན་རྒྱས་གདན་ས་ནང་བཞུགས་མི་ བློན་པོ་ཚུ་ཡང་ སྤྱི་ཟླ་༨ པའི་ཚེས་༡ གི་ ནང་འཁོད་ལུ་ སྤོ་དགོཔ་སྦེ་ གྲོས་ཐག་བཅད་དེ་ཡོད་མི་དེ་ཡང་ སྲོལ་ཁྱུན་བཟུམ་ཅིག་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ འདས་པའི་གཞུང་གིས་ སྲོལ་ཁྱུན་ལེགས་ཤོམ་ཅིག་ མ་བཞག་མི་དེ་ཡང་ ཁོང་རའི་གནས་ཡུན་ཚང་པའི་ཤུལ་ལུ་ ལྷན་རྒྱས་གདན་ས་ནང་ བཞུགས་ཐོག་ལས་ སྐུལ་བསྒྲགས་འབད་བའི་ མཐོང་གསལ་བྱུང་ཡི་ཟེར་ཨིནམ་ད་ མི་སེར་དམངས་གཙོ་ཚོགས་པའི་ བློན་པོ་ཚུ་ ལྷན་རྒྱས་གདན་ས་ལུ་ འཛུལ་ཞུགས་འབད་བའི་སྐབས་ ཧེ་མར་བཞུགས་མི་ཚུ་ ཐོན་འགྱོཝ་ད་ སྟབས་མ་བདེཝ་ ཐོན་ཡི་ཟེར་ གསུངས་ཡི།
འདས་པའི་དྲི་བ་དྲི་ལན་སྐབས་ ཚོགས་འདུའི་ཡོངས་ཁྱབ་དྲུང་ཆེན་ སངས་རྒྱས་གྲུ་པ་གིས་ བཤད་མིའི་ནང་ རྒྱལ་ཡོངས་ཚོགས་འདུ་ རྩ་གྲོལ་བའི་ ཉིནམ་དེ་ནང་ འཐུས་མི་ག་ར་གིས་ བཀྲིས་སྨོན་ལམ་དང་ ཞབས་བརྟན་ཕུལ་ནིའི་ ལས་རིམ་ཡོདཔ་མ་ཚད་ ཚོགས་དཔོན་གྱིས་ གསལ་བཤད་གནང་ཐོག་ལས་ མཇུག་བསྡུ་འོང་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *