ཁ་ཙ་ ཐིམ་ཕུག་ལུ་ གྲངས་རྩིས་རྐྱབ་མི་ཚུ་གིས་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ དངོས་གཞི་མ་རྐྱབ་པའི་ཧེ་མར་ ཁྱིམ་ནང་སྡོད་མི་གཙོ་ཅན་ཚུ་གི་ གནས་ཐོ་དུས་མཐུན་བཟོ་བའི་བསྒང་།

ནངས་པ་ལས་ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་རྐྱབ་ནི།

གཞུང་གིས་ གྲངས་རྩིས་རྐྱབ་མི་དེ་ ཚུལ་མིན་གྱི་སྒོ་ལས་བཞག་མི་ ཕྱི་མི་ཚུ་ ནན་ཞིབ་འབད་ནིའི་དོན་ལུ་མེན་་ཟེར་དོགས་སེལ་གནངམ་ཨིན་པས།

༉ འབྲུག་གི་མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ ལན་ཐེངས་༢ པ་ རྐྱབ་མི་དེ་ རྩིས་དཔྱད་དང་ གནས་སྡུད་ངེས་ཏིག་འཐོབ་ཐབས་ལུ་ཨིནམ་ལས་ ཕྱི་མི་ནང་སྐྱོད་དང་འབྲེལ་བའི་ ཁྲིམས་འགལ་འབད་མི་ཚུ་ལུ་ ཉེས་བྱ་བཀལ་ནིའི་དོན་ལུ་ རྩ་ལས་མེན་ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ དོགས་སེལ་གནངམ་ཨིན་པས།

དེ་ཡང་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་རྐྱབ་མི་དེ་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ མི་རང་སོའི་ཁྱིམ་ནང་ ཚུལ་མིན་གྱི་སྒོ་ལས་ གཡོགམོ་དང་ ཨ་ལོ་ལྟ་མི་སྦེ་བཞག་མི་ ཕྱི་མི་ཚུ་ བཟུང་ནི་གི་ ཐབས་ལམ་ཅིག་ཨིནམ་སྦེ་ ཐིག་ཕུག་ཁྲོམ་སྡེའི་ནང་སྡོད་མི་ ལ་ལོ་ཅིག་ལུ་ དོགས་པ་ཆགས་མི་ལུ་བརྟེན་ཨིན་པས།
གཞུང་གི་དམིགས་ཡུལ་དེ་ རྒྱལ་ཁམས་ཀྱི་ གནས་སྟངས་དོན་ལུ་ མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་ དེ་ལས་ བརྡ་དོན་གཞན་ཚུ་ བསྡུ་སྒྲིག་འབད་ནི་མ་གཏོགས་ ཕྱི་མི་ཚུ་གི་ ཐད་ལུ་ལྷོདཔ་ད་ མི་ག་ལུ་ཡང་ ཉེས་བྱ་བཀལ་ནི་མེད་པའི་ ཁས་ལེན་ཧྲིལ་བུ་ཡོད་ཟེར་ བློན་ཆེན་གྱིས་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ བརྡ་བརྒྱུདཔ་དང་ མཇལ་ཕྲད་གནངམ་ད་གསུངས་ཡི།
དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ བཤད་མིའི་ནང་ ཁྲོམ་ཁར་སྡོད་མི་ཚུ་ལུ་ འདི་བཟུམ་མའི་ དོགས་པ་དང་ འཇིགས་སྣང་ཡོདཔ་ ལོ་རྒྱུས་བཤད་སར་ གོ་ཡི་ཟེར་ཨིནམ་ད་ ལ་ལོ་ཅིག་གིས་ གྲངས་རྩིས་རྐྱབ་ད་ ཁྱིམ་ནང་གཡོགམོ་སྦེ་བཞག་མི་ ཕྱི་མི་ཚུ་ དགེ་ལེགས་ཕུག་དང་ ཕུན་ཚོགས་གླིང་ལུ་ སྐྱེལ་ནི་སྦེ་ སླབ་མི་ཐོན་པའི་སྐབས་ འདྲོག་དགོཔ་དང་ འཚེར་སྣང་བསྐྱེད་དགོཔ་ ག་ནི་ཡང་མེད་ཟེར་ དོགས་སེལ་འབད་ཡི་ཟེར་ དངུལ་རྩིས་བློན་པོ་གིས་ བཤདཔ་ཨིན་པས།
ང་བཅས་ཀྱི་ མི་ཚུ་གིས་ འདི་བཟུམ་མའི་ འདྲོག་བྱེལ་འཐབ་སྡོད་པ་ཅིན་ གྲངས་རྩིས་རྐྱབ་ད་ གནས་སྡུད་དང་ བརྡ་དོན་ཚུ་ དྲང་བདེན་སྦེ་ མི་འཐོབ་ནིའི་ ཉེན་ཁ་ཡོདཔ་ལས་ མི་ཚུ་གིས་ མཉམ་འབྲེལ་དང་ རྒྱབ་སྐྱོར་འབད་དགོཔ་འདི་ ག་ནི་བ་ གལ་ཆེ་ཟེར་ བཤདཔ་ཨིན་པས།
བློན་ཆེན་གྱིས་འབད་བ་ཅིན་ གཞུང་གིས་ གྲངས་རྩིས་རྐྱབ་མི་དེ་ རྒྱལ་ཁབ་ཀྱི་ གཅིག་སྒྲིལ་དང་ རྒྱལ་ཁབ་གོང་ལས་གོང་དུ་འཕེལ་ཏེ་ ལྷག་པར་དུ་ རྩ་བརྟན་དང་ སྒྲིང་སྒྲི་བཟོ་ནིའི་ ལྷན་ཐབས་ལུ་ གནད་སྡུད་ངེས་ཏིག་བཟོ་ཐབས་ལུ་ཨིན་ཟེར་ཨིན་པས།
གྲངས་རྩིས་ཀྱི་ གནས་སྡུད་བརྟན་ཏོག་ཏོ་དགོ་མི་དེ་ ལོ་ལྔའི་འཆར་གཞི་༡༢ པའི་དོན་ལུ་ གལ་གནད་ཅན་ཅིག་ཨིན་མི་དེ་ཡང་ ཤུལ་མའི་བཙག་འཐུ་སྐབས་ གཞུང་ག་བཟུམ་ བཙག་འཐུ་འགྲུབ་རུང་ གཞུང་སྐྱོང་དེ་གིས་ རྒྱལ་ཁབ་ལྷག་པར་དུ་ རྩ་བརྟན་བཟོ་ཐབས་ལུ་ མི་རློབས་དང་ གུང་རྩིས་ལ་སོགས་པའི་ ངེས་བདེན་གྱི་ གནས་སྡུད་དང་ བརྡ་དོན་ཚུ་ལུ་ གཞི་བཞག་སྟེ་ སྲིད་བྱུས་ཚུལ་ལྡན་བརྩམ་ཐབས་ལུ་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
མི་རློབས་དང་ ཁྱིམ་གྱི་གྲངས་རྩིས་༢༠༡༧ ཅན་མ་དེ་ ནངས་པ་ལས་འགོ་བཙུགས་ ཉིན་གྲངས་གསུམ་གྱི་རིང་ རྒྱལ་ཡོངས་ལུ་ ཐོ་རྩིས་རྐྱབ་མི་༩,༥༧༢ ཀྱིས་ ཁྱིམ་གུང་རེ་རེ་བཞིན་དུ་ སྒོ་བཤལ་རྐྱབ་སྟེ་ གནས་སྡུད་ཚུ་ བསྡུ་ལེན་འབད་ནི་ཨིནམ་ད་ ཐིམ་ཕུག་ལུང་གཤོང་རྐྱངམ་གཅིག་ལུ་ར་ གྲངས་རྩིས་རྐྱབ་མི་༡,༡༤༠ ཡོདཔ་ཨིན་པས།
རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གྲངས་རྩིས་རྐྱབ་ནིའི་དོན་ལས་ ཉེ་བར་མཁོ་བའི་ སྔོན་འགྲོའི་བྱ་རིམ་ཅིག་ཨིན་མི་ གུང་རྩིས་ཐོ་བཀོད་འབད་ནི་དང་ ས་ཁྲ་བཀོད་ནིའི་ལཱ་ཚུ་ སྤྱི་ལོ་༢༠༡༥ དང་་༢༠༡༦ ཟླ་༣ པ་ཚུན་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
སྤྱི་ཟླ་༤ པའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ གཞུང་གིས་ སྤྱི་ཟླ་༥ པའི་ཚེས་༣༠ ལས་ སྤྱི་ཟླ་༦ པའི་ཚེས་༡ ཚུན་ ཉིན་གྲངས་༣ གྱི་རིང་ མི་རློབས་དང་ གུང་རྩིས་རྐྱབ་ནིའི་དོན་ལུ་ རྒྱལ་ཡོངས་མི་རྩིས་ཀྱི་ཉིནམ་སྦེ་ ངལ་གསོ་བཞགཔ་ཨིན་པས།
མི་རྩིས་ཀྱི་ཉིནམ་དེ་ནང་ འབྲུག་མི་དང་ ཕྱི་མི་ཚུ་ག་ར་ རང་སྡོད་སའི་ཁྱིམ་ནང་ སྡོད་དགོ་པའི་ཁར་ གྲངས་རྩིས་རྐྱབ་པར་ འོང་མི་ཚུ་དང་གཅིག་ཁར་ མཉམ་འབྲེལ་གང་དྲག་འབད་དགོ་ཟེར་ གཞུང་གིས་ གསལ་བསྒྲགས་འབད་ཡི།
གྲངས་རྩིས་དང་པ་དེ་ སྤྱི་ལོ་༢༠༠༥ ལུ་ འགོ་འདྲེན་འཐབ་ཡོདཔ་ད་ གྲངས་རྩིས་དེ་ཡང་ རྒྱལ་ཁམས་ཀྱི་ གནས་སྟངས་དང་ དཔལ་འབྱོར་ མི་སྡེའི་བརྡ་དོན་ཚུ་ དུས་མཐུན་བཟོ་ཐོག་ལས་ རྒྱལ་ཁབ་མདུན་བསྐྱོད་འབད་ཐབས་ལུ་ དེ་དང་འཁྲིལ་ སྲིད་བྱུས་དང་ འཆར་གཞི་ཚུ་ བརྩམ་ནི་ཨིན་པས།
གྲངས་རྩིས་རྐྱབ་ད་ ཁྱིམ་ནང་སྡོད་མི་ བཟའ་ཚང་གཙོ་ཅན་དེ་ལུ་ རང་སོའི་བཟའ་ཚང་འཐུས་མི་དང་ སྐྱེ་ནུས་ ཤེས་ཡོན་ ལཱ་གཡོག་ འོང་འབབ་དང་ ཟད་འགྲོ་ བུ་ལོན་ སེམས་ཁམས་གནས་སྟངས་ དེ་ལས་ དགའ་སྐྱོ་ལ་སོགས་པ་ཚུ་གི་སྐོར་ལས་ དྲི་བ་དྲིས་ལན་འབད་ནི་ཨིནམ་ད་ གྲངས་རྩིས་རྐྱབ་མི་ མང་ཤོས་ར་ སློབ་གྲྭའི་སློབ་དཔོན་དང་ ཞི་གཡོགཔ་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

འབྲུག་པའི་ ཨམ་སྲུའི་ཕུཊ་བཱོལ་སྡེ་ཚན་ཚུ་གིས་ རྒྱལ་ཁ་ཐོབ་མ་ཚུགས་པར་ཡོདཔ།

༉ འདས་པའི་བདུན་ཕྲག་ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༨ ཚུན་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ རྒྱལ་སྤྱི་ཕུཊ༌བཱོལ་རྩེད་ཐང་ནང་སྦེ་ ལྷོ་ཨེ་ཤི་ཡཱན་ ཨམ་སྲུའི་ཕུཊ་བཱོལ་དོ་འགྲན་འབད་མིའི་ནང་ འབྲུག་ལས་ སྐྱེས་ལོ་༡༧ མན་ཆད་འབད་མི་ རྒྱལ་ཡོངས་ཨམ་སྲུའི་ཕུཊ༌བཱོལ་སྡེ་ཚན་གྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *