ནང་སྲིད་བློན་པོ་གསརཔ་གིས་ ཆོས་དང་ལམ་སྲོལ་ལུ་ གཙོ་རིམ་བཟུང་ནི།

༉ ནང་སྲིད་དང་ སྲོལ་འཛིན་བློན་པོ་གསརཔ་ ཤེས་རབ་རྒྱལ་མཚན་གྱིས་ ཁོ་ར་ བློན་པོའི་འགན་འཁྲི་འབག་པའི་སྐབས་ རྒྱལ་ཁབ་ཀྱི་ སྲོག་ཤིང་ངམ་ ནོརབུ་ཨིན་མི་ སྲོལ་རྒྱུན་གྱི་ཆོས་དང་ ལམ་སྲོལ་ལུ་ གཙོ་བོར་བཏོན་ནི་ཨིན་ཟེར་ བཤདཔ་ཨིན་པས།
ཁོ་གིས་ ཕྱག་ཞུ་བའི་སྐབས་ རྒྱལ་ཁབ་ཀྱི་ངོ་རྟགས་ ཆོས་དང་ལམ་སྲོལ་ལུ་ གཞི་བཞག་སྟེ་ དེ་དང་འབྲེལ་བའི་ཁྲིམས་ལུགས་བཟོ་ནི་ དེ་ལས་ ལྷན་རྒྱས་གཞུང་ཚོགས་དང་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ཐོག་ལས་ ཕྱག་ཞུ་ནི་ཟེར་ཨིན་པས།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ དཔྱེ་གཏམ་ཅིག་ནང་ ལམ་འཛོལ་བར་ཉི་མའི་ཧ་ཕྱི། །གྱོས་འཛོལ་བར་བསྐལ་པའི་མགུ་མཇུག ། ཟེར་སླབ་དོ་བཟུམ་ ལམ་འཛོལ་སོ་པ་ཅིན་ ཉིནམ་གཅིག་གི་ ཁྱད་པར་ཨིན་རུང་ སྲིད་བྱུས་འཛོལ་བ་ཅིན་ བསྐལ་པ་སྦེ་ ལུས་ནི་དེ་གིས་ ཁྲིམས་དང་སྲིད་བྱུས་ལེགས་ཤོམ་ བཟོ་ནི་ལུ་ ཤུགས་བཏོན་ནི་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ཀྱི་ སྤྱིར་བཏང་བཙག་འཐུ་ནང་ མོང་སྒར་འདེམས་ཁོངས་ནང་ལས་ དོ་འགྲན་འབད་དེ་ བཙག་འཐུ་གྲུབ་མི་ བློན་པོ་ཤེས་རབ་རྒྱལ་མཚན་གྱིས་ ལྷན་ཁག་ནང་ ཕྱག་ལཱ་འགོ་བཙུགསཔ་དང་འབྲེལ་ ལྷན་ཁག་དང་ ལྷན་ཁག་གི་ལས་བྱེདཔ་ དེ་ལས་ གཙོ་རིམ་ཚུ་གི་སྐོར་ལས་ ཞིབ་ཏོག་ཏོ་སྦེ་ ཧ་གོ་དགོཔ་ཁག་ཆེ་མི་དེ་ཡང་ དང་པ་རང་ ཁོ་རའི་ངོ་སྤྲོད་འབད་བའི་ཤུལ་ལུ་ ལས་བྱེདཔ་རེ་རེའི་ ངོ་སྤྲོད་ལུ་ ཉན་ནི་དང་ ལཱ་འབད་བའི་སྐབས་ ལྷན་ཁག་གི་ ལྕོགས་གྲུབ་དང་ དེ་ལས་ ཐེབས་འབད་དགོཔ་ ག་ཅི་ཡོད་ག་ ལེགས་ཤོམ་སྦེ་ ཧ་གོ་ཐབས་ལུ་ཨིན་ཟེར་ བཤདཔ་ཨིན་པས།

ནང་སྲིད་བློན་པོ་ དྲགོས་ཤེས་རབ་རྒྱལ་མཚན།

ཁོ་གིས་ ཚོགས་པའི་ཁས་བླངས་གསལ་བསྒྲགས་དང་ འདས་པའི་གཞུང་༢ ཀྱི་ཕྱག་ལཱ་དང་ ལོ་ལྔའི་འཆར་གཞི་༡༢ པ་ཚུ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ མི་དབང་མངའ་བདག་རིན་པོ་ཆེའི་ ཐུགས་དགོངས་འགྲུབ་ནི་ལུ་ གཙོ་བོར་བཏོན་ནི་ཟེར་ཨིན་པས།
དེ་བཟུམ་སྦེ་ དམངས་གཙོའི་རིང་ལུགས་ལུ་བརྟེན་ གཡུས་སྒོའི་མི་ཚུ་གི་བར་ན་ མ་འཆམ་བཟོ་ཡོད་མི་དེ་ རྒྱལཔོ་གཅིག་གི་འོག་ལུ་ མི་སེར་གཅིག་སྦེ་ ལོག་འབག་འོང་ཐབས་ལུ་ ལཱ་འབད་ནི་ཨིན་ཟེར་ཨིན་པས།
བློན་པོའི་གོ་གནས་ཀྱི་སྐོར་ བཤད་མིའི་ནང་ དང་པ་རང་ བཙག་འཐུའི་གནས་སྐབས་ལུ་ རྒྱལ་ཁ་ག་དེ་སྦེ་ ཐོབ་ཚུགས་ག་ཟེར་ ཚ་གྱང་ལང་ཡོདཔ་མ་ཚད་ རྒྱལ་ཁ་ཐོབ་ཚར་བའི་ཤུལ་ལུ་ཡང་ ཕྱག་ག་དེ་སྦེ་ ཞུ་ཚུགས་ག་ ཚ་གྱང་ལང་རུང་ ཁོ་རའི་ཉམས་མྱོང་དང་ བསྟུན་གྲོས་འབད་སའི་ ཡུལ་ཡོད་ནི་དེ་གིས་ ཚ་གྱང་སྦོམ་མེད་ཟེར་ཨིན་པས།
སྐྱེས་ལོ་༦༣ ལང་མི་དེ་ འབྲུག་མཉམ་རུབ་ཚོགས་པའི་ འཐུས་མི་རྒས་ཤོས་ཨིནམ་ད་ ཁོ་ལུ་ རྒྱ་གར་པཱན་ཇབ་གཙུག་ལག་སློབ་སྡེ་ནང་ལས་ བདག་སྐྱོང་དང་ སྲིད་དོན་མཚན་རིག་ནང་ མཐོ་རིམ་ཤེས་ཚད་ཡོདཔ་ཨིན་པས།
ནང་སྲིད་བློན་པོ་གིས་ སྲིད་དོན་ནང་ མ་འཛུལ་བའི་ཧེ་མར་ ལོ་ངོ་༣༧ གྱི་རིང་ ཞི་གཡོག་ནང་ ཕྱག་ཞུ་བའི་སྐབས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་དང་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་ ཐིམ་ཕུག་དང་ བསམ་རྩེ་ དེ་ལས་ ལྷུན་རྩེ་རྫོང་ཁག་༣ གྱི་རྫོང་བདག་སྦེ་ ཕྱག་ཞུ་ནུག།
ཁོ་གིས་འབད་བ་ཅིན་ མ་གཞི་ ཁོ་ར་ སྲིད་དོན་ནང་ སྤྲོ་བ་མེད་མི་ཅིག་ཨིན་རུང་ ཞི་གཡོག་རྐྱངམ་གཅིག་ནང་སྡོད་དེ་ གཡུས་སྒོ་ཚུ་ནང་ ཕན་སྦོམ་སྦེ་ ཐོགས་མ་ཚུགས་ནི་དེ་གིས་ མནོ་བསམ་གཏིང་ཟབ་སྦེ་ བཏང་ལྟཝ་ད་ སྲིད་ནང་འཛུལ་མི་བ་ལྷག་ གདམ་ཁ་གཞན་མེད་ནི་དེ་གིས་ ཐག་བཅད་དགོཔ་ཐོན་ཡི་ཟེར་ཨིན་པས།
ནང་སྲིད་བློན་པོ་གིས་ བཤད་མིའི་ནང་ ལོ་རྒྱུས་དེ་ ག་དེ་སྦེ་བདེན་ག་ སླབ་མ་ཤེས་རུང་ སྲིད་བྱུས་ལུ་བརྟེན་ གཞུང་གིས་ ཆོས་དང་འགལ་བའི་ སེམས་ཅན་སྲོག་གཅོད་ཁང་ཚུ་ཡང་ གཞི་བཙུགས་འབད་བའི་ ལོ་རྒྱུས་གོ་ནི་དེ་གིས་ དེ་བདེན་པ་ཅིན་ སྲིད་ནང་བཅའ་མར་གཏོགས་ཏེ་ ཁྲིམས་ལུགས་བསྒྱུར་བཅོས་འབད་ནི་བ་ གཞན་ འབད་ཐབས་མེདཔ་ལས་ ཚ་གྱང་ལང་ཡི་ཟེར་ཨིན་པས།
ཨིན་རུང་ དེ་སྦེ་འབད་མི་དེ་ སྲིད་ནང་བཅའ་མར་གཏོགས་མི་ཚུ་ མང་ཤོས་ཅིག་ལུ་ ཁྱད་ཚད་ལྡན་པའི་ དེང་སང་གི་ ལམ་ལུགས་དང་ སྲིད་བྱུས་རྐྱངམ་གཅིག་ ཧ་གོ་མི་ ཕྱིའི་ཤེས་ཡོན་སྦྱང་མི་འབདཝ་ལས་ ནང་པའི་ཤེས་ཡོན་མེད་ནི་དེ་གིས་ ཨིན་མས་ཟེར་ ནང་སྲིན་བློན་པོ་གིས་ བཤདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པའི་ནང་ འཛུལ་དགོ་མི་དེ་ཡང་ ཚོགས་པའི་ཁས་བླངས་ མི་མང་དང་ཉམ་ཆུང་ལུ་ཕན་ཐོགས་པའི་ གསོ་བ་དང་ ཤེས་རིག་གི་ཁས་བླངས་ ཡོདཔ་དང་མེད་པའི་བར་ན་ ཁྱད་པར་ཉུང་སུ་བཟོ་ནིའི་ ལྟ་བ་ལུ་གཞི་བཞག་སྟེ་ འཛུལ་ཡི་ཟེར་ཨིན་པས།
བློན་པོ་ཤེས་རབ་རྒྱལ་མཚན་དེ་ བུམ་ཐང་སུམ་ཕྲང་ཆོས་རྗེ་ལས་ ཚེ་འདས་དྲགོས་བླམ་གསང་སྔགས་དང་ མོང་སྒར་ཙ་ཀ་གླིང་ཆོས་རྗེ་ལས་ ཚེ་འདས་དབྱངས་ཅན་འཛོམས་པའི་བུ་ཨིནམ་ད་ ཁོ་རའི་ཕམ་ལས་ བུ་ཁོ་ར་རྐྱངམ་གཅིག་ཨིན་པས།
བློན་པོ་ཤེས་རབ་ཀྱིས་ སྤྱི་ལོ་༡༩༩༧ ལུ་ འབྲུག་རྒྱལ་བཞི་པ་མཆོག་ལས་ འབུ་རས་དམརཔོ་ཐོབ་ཡོདཔ་མ་ཚད་ སྤྱི་ལོ་༢༠༡༠ ལུ་ རྒྱལ་ཡོངས་གཟེངས་ཐོན་གྱི་ གསེར་གྱི་རྟགས་མ་ ཐོབ་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ཚེས་༧ ལུ་ བདག་རྐྱེན་གྱི་ རྟེན་འབྲེལ་ནང་ ཁོ་རའི་བཟའ་ཚང་དང་ མོང་སྒར་དང་ བུམ་ཐང་ལས་གཉེན་ཉེཝ་ དེ་ལས་ ཆ་རོགས་ཚུ་དང་ ལྷན་ཁག་གི་ མི་ཚུ་གིས་ དར་གྱི་ལས་རིམ་ནང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

 

About admin

Check Also

སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོདཔ།

༉ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་གིས་ ཨ་ལོ་སྐྱེས་ཡོད་མི་དེ་ལུ་ ཐིམ་ཕུག་ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་ཤུལ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྙན་ཞུ་འབད་མི་དེ་ ད་རེས་ནངས་པར་ ཁྲིམས་འདུན་ལུ་ རྩོད་བཤེར་འབད་བའི་བསྒང་ཨིན་པས། དེ་ཡང་ བུམོ་ཅིག་གིས་ སྤྱི་ལོ་༢༠༢༢ …

Leave a Reply

Your email address will not be published. Required fields are marked *