ནང་འདྲེན་འབད་མི་ ས་པག་ཅུ་ལག་ལེན་ཐོག་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ཐིམ་ཕུག་བར་སྦིས་ས་ བརྡ་དོན་འཕྲུལ་རིག་གི་ གོ་རིམ་༢ པའི་ སྒྲིང་ཁྱིམ།

ནང་འདྲེན་འབད་མི་ ས་པག་ཅུ་ཚུ་ མི་མང་བཟོ་སྐྲུན་ནང་ ལག་ལེན་འཐབ་བཞིན་དུ་ཡོདཔ།

རྒྱལ་ཁབ་ནང་ མི་མང་གི་ བཟོ་སྐྲུན་ལཱ་ཚུ་ནང་ གཞུང་དང་ མི་མང་ལས་འཛིན་ཚུ་གིས་ ནང་འཁོད་ལས་ ཐོན་སྐྱེད་འབད་མི་ བཟོ་སྐྲུན་ཅ་ཆས་ཚུ་ ངེས་པར་དུ་ ལག་ལེན་འཐབ་དགོ་པའི་ གཞུང་སྐྱོང་བཀའ་རྒྱ་གནང་སྟེ་འབད་རུང་ ད་རེས་ནངས་པར་ རྒྱ་གར་ལས་ ས་པག་ཅུ་ནང་འདྲེན་འབད་མི་ཚུ་ ལག་ལེན་འཐབ་བཞིན་དུ་ཡོདཔ་ཨིན་པས།

གྲོས་ཐག་དེ་ཡང་ མི་སེར་དམངས་གཙོ་ཚོགས་པའི་གཞུང་གིས་ ནང་འདྲེན་འབད་ནི་ལས་ བཀག་ཐབས་དང་ ལས་སྡེ་ཚུ་གི་གྲས་ལས་ ནང་འཁོད་དཔལ་འབྱོར་ལུ་ ཕན་ཐོགས་ཤོས་དང་ ལཱ་གཡོག་གི་གོ་སྐབས་བཟོ་མི་ མི་སྡེའི་དཔལ་འབྱོར་གོང་འཕེལ་ལུ་ ཕན་ནུས་ཅན་བཟོ་ཐོག་ལས་ རང་མགོ་རང་འདྲོངས་ཀྱི་ དམིགས་གཏད་འགྲུབ་ཐབས་ལུ་བཟོ་ཨིན་པས།

གཞུང་སྐྱོང་གི་བཀའ་རྒྱ་དེ་ཡང་ སྤྱི་ལོ་༢༠༡༥ ཟླ་༡༡ པའི་ཚེས་༡༨ ལུ་འཚོགས་ཡོད་པའི་ ལྷན་རྒྱས་གཞུང་ཚོགས་ཐེངས་༨༩ པའི་ གྲོས་ཆད་ལྟར་དུ་ ལོ་དེ་གི་ སྤྱི་ཟླ་༡༢ པའི་ཚེས་༩ ལུ་ དེ་འཕྲོ་ལས་ དང་ལེན་འཐབ་དགོཔ་སྦེ་ ལྷན་ཁག་དང་ ལས་སྡེ་ཁག་ཚུ་ནང་ བཏང་ཡོདཔ་ཨིན་པས།

ད་རེས་ནངས་པར་ ནང་འདྲེན་འབད་མི་ས་པག་ཅུ་ཚུ་ཡང་ ཐིམ་ཕུག་ལུ་ འབྲུག་གི་དངུལ་ཁང་གི་ ཡིག་ཚང་ལྟེ་བ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ཚུ་ནང་ ལག་ལེན་འཐབ་པའི་ཁར་ ཐིམ་ཕུག་བརྡ་དོན་གླིང་ཁ་དང་ དགེ་ལེགས་ཕུག་ འབྲུག་འགྲེམ་རང་སྐྱོང་ལས་འཛིན་གྱི་ ཡིག་ཚང་བཟོ་མི་ དེ་ལས་ ཐིམ་ཕུག་ཁྲོམ་སྡེ་ནང་ སྣུམ་འཁོར་བཞག་སའི་ སྒྲིང་ཁྱིམ་བཟོ་མི་ཚུ་ནང་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།

ཨིན་རུང་ དངུལ་ཁང་གི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ གཞུང་སྐྱོང་གི་བཀའ་རྒྱ་དེ་ སྤྱི་ལོ་༢༠༡༥ ལས་ལྷོད་རུང་ དེ་བསྒང་ ཡིག་ཚང་ལྟེ་བ་བཟོ་ནིའི་ འཆར་གཞི་དང་ སྒྲིང་ཁྱིམ་གྱི་བཟོ་བཀོད་ཚུ་ སྤྱི་ལོ་༢༠༡༡ ལུ་ར་ བཟོ་ཚར་མི་ལུ་བརྟེན་ བཟོ་སྐྲུན་ནང་ ནང་འཁོད་ཀྱི་ས་པག་ཅུ་ ལག་ལེན་འཐབ་ནི་ལུ་ འོས་འབབ་མེད་ཟེར་ཨིན་པས།

རྒྱལ་ཡོངས་ཁྱིམ་བཟོ་དང་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ འཕྲིན་ལས་རྡོ་རྗེ་གིས་ སླབ་མིའི་ནང་ ལས་འཛིན་གྱི་ལས་འགུལ་ཚུ་ནང་ ནང་འཁོད་ཀྱི་ ས་པག་ཅུ་མ་གཏོགས་ ནང་འདྲེན་འབད་དེ་ ལག་ལེན་འཐབ་ནི་མེད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་སྡེའི་ ས་པག་ཅུ་བཟོ་མི་ཚུ་གིས་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ དུས་ཚོད་ཁར་ ཐོན་སྐྱེད་འབད་མ་ཚུགས་མི་ལུ་བརྟེན་ ལཱ་ལུ་ བར་ཆད་རྐྱབ་མས་ཟེར་ཨིན་པས།

འབྲུག་རྒྱུ་ནོར་གཞི་བཟུང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ དྲགོས་ཀརྨ་འོད་ཟེར་རལ་གྲི་ལུ་ གཞི་བཟུང་གིས་ ནང་འཁོད་ཀྱི་ས་པག་ཅུ་ ལག་ལེན་འཐབ་མ་འཐབ་ཀྱི་སྐོར་ལས་ དྲི་བཀོད་འབད་བའི་སྐབས་ གཞི་བཟུང་གིས་ དེ་ཅིག་ར་ བཟོ་སྐྲུན་འབད་ནི་མེད་པའི་ཁར་ ནང་འཁོད་ཐོན་སྐྱེད་ ལག་ལེན་འཐབ་ནི་ཐད་ཁར་ ཤེས་རྟོགས་མེད་ཟེར་ ཁོ་གིས་ བཤད་ཅི།

སྤྱི་ལོ་༢༠༡༦ ལུ་ འབྲུག་གིས་ དངུལ་ཀྲམ་༧,༦༢༥,༤༥༤ དང་  སྤྱི་ལོ་༢༠༡༧ ལུ་ དངུལ་ཀྲམ་ས་ཡ་༢༨.༢༢ གནས་པའི་ ས་པག་ཅུ་ཚུ་ ནང་འདྲེན་འབད་ནུག་ཟེར་ འབྲུག་ཚོང་འབྲེལ་གྱི་ གནས་སྡུད་ནང་བཀོད་ནུག།

ཕུན་ཚོགས་གླིང་ལུ་ཡོད་པའི་ འབྲུག་རྩི་ས་པ་ཅུང་ཇོ་བདག་ བསྟན་འཛིན་གྱིས་ སླབ་མིའི་ནང་ མ་གཞི་ མི་མང་གི་བཟོ་སྐྲུན་ནང་ ནང་འདྲེན་འབད་བའི་ ས་པག་ཅུང་ལག་ལེན་འཐབ་སྟེ་འབད་རུང་ ནང་འཁོད་ཀྱི་ ས་པག་ཅུ་མཁོ་འདོད་བཀོད་མི་ ཡར་དྲག་སོང་སྟེ་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གཞུང་གི་ལས་སྡེ་ རྒྱལ་ཡོངས་ཁྱིམ་བཟོ་དང་གོང་འཕེལ་ལས་འཛིན་དང་ ཤེས་རིག་ལྷན་ཁག་ འབྲུག་འགྲེམ་རང་སྐྱོང་ལས་འཛིན་ཚུ་གིས་ ས་པག་ཅུ་ཚུ་ མཁོ་འདོད་བཀོད་ཡོད་རུང་ རིན་ཆེན་སྡིང་བགེགས་སྲུང་ལུ་ ཞིབ་དཔྱད་འབད་མི་ལུ་བརྟེན་ ཕུན་ཚོགས་ལུ་ ནང་འདྲེན་འབད་བའི་ ས་པག་ཅུ་དེ་ རྒྱ་ཆེ་དྲགས་སྦེ་ར་ ལག་ལེན་འཐབ་སྟེ་ འདུག་ཟེར་ཨིན་པས།

བསྟན་འཛིན་གྱིས་ སླབ་མིའི་ནང་ ནང་འཁོད་དང་ ནང་འདྲེན་འབད་བའི་ ས་པག་ཅུ་གི་ ཚོས་གཞི་དཀརཔོ་ཡོདཔ་ལས་ མི་ཚུ་གིས་ ངོ་འཛོལཝ་མས་ཟེར་ཨིན་རུང་ ནང་འདྲེན་འབད་བའི་ ས་པག་ཅུ་ཚུ་ རྩི་ས་ཚད་ཅིག་ལས་བརྒལ་ མ་བླུག་ནི་དེ་གིས་ སྤུས་ཚད་དེ་ཅིག་ར་མིན་འདུག་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ བཟོ་སྐྲུན་གྱི་ཅ་ཆས་ཚུ་ འབྲུག་གནས་ཚད་ལས་ཁང་གིས་ ངོ་སྦྱོར་མ་འབད་མི་ཚུ་ འཕྲུལ་ཁང་ཚུ་ལས་ཡང་ ཉོཝ་མས་ཟེར་ཨིན་པས།

གཞུང་སྐྱོང་བཀའ་རྒྱ་དང་འཁྲིལཝ་ད་ ནང་འཁོད་ལས་ བཟོ་ཡོད་མི་ ས་པག་ཅུ་མེད་པ་ཅིན་ ཡང་ཅིན་ ཡོད་རུང་ ལག་ལེན་འཐབ་ མ་རུང་པའི་གནས་སྟངས་རེ་འཐོན་ཚེ་ འབྲེལ་ཡོད་ལས་སྡེ་ཚུ་དང་ འགན་འཁྲི་ཡོད་པའི་ ལས་འགུལ་བཟོ་རིག་འགོ་དཔོན་ལས་ ཡིག་ཐོག་གནང་པ་དང་ ཆོག་ཐམ་ལེན་ཐོག་ལས་རྐྱངམ་གཅིག་ ཕྱིའི་རྒྱལ་ཁབ་ལས་ ས་པག་ཅུ་དམརཔོ་དེ་ ནང་འདྲེན་འབད་ཆོག་ཟེར་ཨིན་པས།

དགེ་ལེགས་ཕུག་གི་ དབྱངས་བྱུང་བསོད་ནམས་ས་པག་ཅུ་བཟོ་སྐྲུན་གྱི་ ཇོ་བདག་བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ མཁོ་འདོད་བཀོད་མི་མེདཔ་ལས་ དངུལ་ཀྲམ་ས་ཡ་༣ གནས་པའི་ ས་པག་ཅུ་ཚུ་ བཙོང་མ་ཚུགས་པར་ཡོད་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ས་པག་ཅུ་ ཉོ་མི་མེད་མི་དེ་ གདོང་ལེན་བྱུང་སྟེ་ཡོདཔ་བཞིན་དུ་ ད་རེས་ རྒྱལ་ཁབ་ནང་ ས་པག་ཅུ་རིགས་༢ འབད་མི་ ནང་འདྲེན་འབད་ནི་ འགོ་བཙུགས་མི་ལུ་བརྟེན་ ཁོ་གི་ ཚོང་འབྲེལ་ལུ་ ཐོ་ཕོགས་ཏེ་ཡོད་ཟེར་ཨིན་པས།

ས་པག་ཅུ་བཟོ་སྐྲུན་གྱི་ ཇོ་བདག་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གལ་སྲིད་ གཞུང་སྐྱོང་གི་ བཀའ་རྒྱ་ལུ་ མ་གནས་པར་ ནང་འདྲེན་འབད་བཞིན་དུ་ སྡོད་པ་ཅིན་ མི་སྡེའི་ཚོང་འབྲེལ་པ་ཚུ་ལུ་ སེམས་ཤུགས་བསྐྱེད་ མི་ཚུགས་ནི་ཨིན་པའི་ཁར་ དངུལ་ཁང་ཚུ་ནང་ སྐྱིན་འགྲུལ་བཏབ་ནི་ལུ་ཡང་ དཀའ་ངལ་འབྱུང་ནི་མས་ཟེར་ཨིན་པས།

སྤ་རོ་ལུ་ཡོད་པའི་ ཨེས་ཊི་ས་པག་ཅུ་ཚོང་འབྲེལ་པ་ སངས་རྒྱས་ཚེ་དབང་གིས་ སླབ་མིའི་ནང་ ནང་འཁོད་དང་ཕྱདཔ་ད་ ནང་འདྲེན་འབད་ཡོད་པའི་ ས་པག་ཅུ་ཚུ་ལུ་ གོང་ཚད་མཐོ་དྲག་ཡོད་རུང་ མི་ཚུ་གིས་ ཧེ་མ་ལས་ར་ རྒྱ་གར་གྱི་ ས་པག་ཅུ་ ལག་ལེན་འཐབ་སྟེ་ སྡོད་མི་ལུ་བརྟེན་ སྤུས་ཚད་མེད་རུང་ དེ་ར་ གདམ་ཁ་རྐྱབ་མས་ཟེར་ཨིན་པས།

ད་རེས་ མི་ཚུ་གིས་ ནང་འཁོད་ལས་ཐོན་པའི་ ས་པག་ཅུ་དང་ སྤུས་ཚད་སྐོར་ལས་ ཤེས་རྟོགས་མེདཔ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ གོ་བརྡ་སྤྲོད་དགོཔ་འདུག་ཟེར་ཨིན་པས།

གཞུང་གི་མགྲིན་ཚབ་དང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ གཞུང་གསརཔ་དེ་གིས་ ནང་འཁོད་ཀྱི་ཐོན་སྐྱེད་ ས་པག་ཅུ་ཚུ་ ལག་ལེན་འཐབ་ནི་ལུ་ སེམས་ཤུགས་བསྐྱེད་ནི་མ་ཚད་ ས་པག་ཅུ་བཟོ་གྲྭ་ཁང་ཚུ་ལུ་ཡང་ ཐོན་སྐྱེད་འབད་ནི་ལུ་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ འདས་པའི་གཞུང་གི་ ཐག་བཅད་མི་བཀའ་རྒྱ་འདི་ལུ་ ངོས་ལེན་འབད་དེ་ གལ་སྲིད་ དེ་ནང་ སྟབས་མ་བདེཝ་རེ་ ཡོད་པ་ཅིན་ སེལ་ཐབས་འབད་འོང་ཟེར་ཨིན་པས།

གཞུང་གིས་ ནང་འཁོད་ཐོན་སྐྱེད་ཚུ་ ལག་ལེན་གྱི་སྐོར་ལས་ཡང་ ཁས་བླངས་གསལ་བསྒྲགས་ནང་ བཙུགས་ཏེ་ཡོདཔ་བཞིན་དུ་ ཅ་ཆས་ནང་འདྲེན་བཀག་ཐབས་ལུ་ བཟོ་སྐྲུན་ཅ་ཆས་བཟོ་གྲྭ་ཁང་དང་ ཤིང་བཟོ་གྲྭ་ཁང་ ཤོག་ཀུ་བཟོ་ནིའི་བཟོ་གྲྭ་ཁང་ལ་སོགས་པ་ཚུ་ གཞི་བཙུགས་འབད་ནི་སྦེ་ ཁས་བླངས་ནང་ བཙུགས་ཏེ་འདུག།

གཞུང་སྐྱོང་བཀའ་རྒྱ་ནང་ བཀོད་མིའི་ནང་ ནང་འཁོད་བཟོ་ཡོད་པའི་ ས་པག་ཅུ་ཚུ་ བཟོ་སྐྲུན་འབད་སའི་ ས་ཁོངས་ཚུ་ནང་ ལག་ལེན་འཐབ་ཡོདཔ་ ངེས་བརྟན་བཟོ་ནི་གི་ འགན་ཁུར་དེ་ ལས་སྡེ་ཡོངས་ཀྱི་ འགོ་འཛིན་ཚུ་དང་ འབྲེལ་ཡོད་བཟོ་བཀོདཔ་ཚུ་ དེ་ལས་ བཟོ་རིག་འགོ་དཔོན་ཚུ་དང་ ལས་འགུལ་འཆར་བཀོད་པ་ཚུ་ག་ར་ལུ་ ཕོགཔ་ཨིན་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *