ནང་འདྲེན་པ་༡༨ ལུ་ ཁྲལ་ཟུར་ཐབས་འབད་བའི་ ཉེས་འཛུགས་བཀལ་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཐིམ་ཕུག་ལུ་ཡོད་མི་ ཚོང་འབྲེལ་ཁང་སོ་སོའི་ ནང་འདྲེན་པ་༡༨ ལུ་ ཁྲལ་ལས་ཟུར་ཐབས་འབད་བའི་ ཉེས་འཛུགས་འབད་མི་དེ་ཡང་ ཁོང་གིས་ སྤྱི་ལོ་༢༠༡༤ ཟླ་༡༡ པའི་ཚེས་༢༡ ལུ་ ཕུན་ཚོགས་གླིང་ ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཡིག་ཚང་ནང་ དངུལ་ཀྲམ་ས་ཡ་༢.༡༡༤ དེ་ཅིག་གི་ ཚོང་ཆས་ཚུ་ ཁྲལ་གྱི་དོན་ལས་ གསལ་སྟོན་མ་འབད་མི་ལུ་བརྟེན་ཨིན་པས།

ནང་འདྲེན་པ་ཚུ་དང་གཅིག་ཁར་ ཅ་དམ་ཞིབ་དཔྱོདཔ་༢ དང་ ཚོང་ཆས་སྐྱེལ་འདྲེན་འབད་མི་ དེད་གཡོགཔ་༢ ལུ་ཡང་ འགན་འཁྲི་ལོག་སྤྱོད་དང་ ཉེས་ལས་ནང་ བཅའ་མར་གཏོགས་པའི་ ཉེས་འཛུགས་འབད་དེ་ཡོདཔ་ཨིན་པས།
རྩོད་ཟླ་༢༢ དེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྤྱི་ཟླ་༦ པའི་ཚེས་༥ ལུ་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ མི་ངོ་༢༨ ལུ་ ཉེས་འཛུགས་འབད་མིའི་གྲངས་སུ་ ཚུདཔ་བཞིན་དུ་ རྩོད་ཟླ་གཞན་དེ་ རྒྱལ་ཁབ་གསུམ་པ་ལས་ དངུལ་ཀྲམ་ས་ཡ་༥.༢༣༤ དེ་ཅིག་གནས་པའི་ ཅ་ཆས་ཚུ་ ནང་འདྲེན་འབད་དེ་ གསལ་སྟོན་མ་འབད་བར་ བརྒྱུད་ཁྲལ་ལས་ ཟུར་ཐབས་འབད་མི་ རྒྱ་གར་གྱི་ ཚོང་པ་ཅིག་ཨིན་པས།
ནང་འདྲེན་པ་༡༨ ཀྱིས་ བཙོང་ཁྲལ་དངུལ་ཀྲམ་༡༡༥,༡༨༨ མ་བཏབ་པར་ ཟུར་ཐབས་འབད་མི་ལུ་བརྟེན་ ཉེས་བཤེར་འབད་མི་གིས་ ཁྲིམས་འདུན་ལུ་ རྩོད་ཟླ་ཚུ་ལས་ དངུལ་ཀྲམ་ས་ཡ་༠.༩༦༨ སོར་ཆུད་འབད་དགོ་པའི་ ཞུ་བ་འབད་ནུག།
སྣུམ་འཁོར་ཊག་གི་ དེད་གཡོགཔ་༢ ཀྱིས་ ནང་འདྲེན་པ་ཚུ་གི་ ཅ་ཆས་ཚུ་ ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་ སྐྱེལ་འདྲེན་འབད་ཡོདཔ་ད་ ཞིབ་དཔྱད་རྐྱབ་མི་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཇུམ་བོ་ཊག་དེད་གཡོགཔ་ལུ་ ཉེས་ལས་ནང་ བཅའ་མར་གཏོགས་པའི་ ཉེས་འཛུགས་ཁག་༡༦ དང་ ཌི་སི་ཨེམ་ཊག་གི་ དེད་གཡོགཔ་ལུ་ ཉེས་འཛུགས་ཁག་༡༠ བཀལ་དགོཔ་སྦེ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ གྲོས་འདེབས་བཀོད་ཡོདཔ་ཨིན་པས།
དེ་འབདཝ་ད་ ཉེས་བཤེར་པའི་ ཁ་ཐུག་ལས་ དེད་གཡོགཔ་གཉིས་ཆ་ར་ལུ་ ཉེས་ལས་ནང་ བཅའ་མར་གཏོགས་པའི་ ཉེས་འཛུགས་རྐྱངམ་གཅིག་ བཀལ་ཡོདཔ་ཨིན་པས།
ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ དེད་གཡོགཔ་༢ ནང་འདྲེན་པ་ཚུ་གི་ ཅ་ཆས་སྐྱེལ་འདྲེན་འབད་མི་ རྐྱངམ་གཅིག་གིས་མ་དོ་བར་ ཅ་དམ་ཞིབ་དཔྱོདཔ་དང་ ས་མཚམས་ཕྱི་ཁའི་ བཀྲམ་སྤེལ་བ་ཚུ་དང་ འབྲེལ་བ་དམ་ཟབ་འཐབ་མི་ ངོ་ཚབ་ཡང་ཨིན་པའི་ མངོན་གསལ་བྱུང་ནུག།
ལུང་ཕྱོགས་འོང་འབབ་དང་ ཅ་དམ་ཞིབ་དཔྱོདཔ་༢ ཀྱིས་ རང་སོའི་འགན་ཁུར་ ཚུལ་ལྡན་མ་འབག་མི་ལུ་བརྟེན་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ བྱ་སྒོ་ལོག་སྤྱོད་འཐབ་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་ལས་ ཐིམ་ཕུག་ལུ་ ཅ་ཆས་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་༢ ཀྱིས་ སྤྱི་ལོ་༢༠༡༤ ཟླ་༡༡ པའི་ཚེས་༢༡ ལུ་ འཛུལ་སྒོ་ནང་ ཁྲལ་གྱི་དོན་ལུ་ གསལ་སྟོན་མ་འབད་བའི་སྐོར་ གསང་བའི་སྙན་ཞུ་ཅིག་ ཐོབ་མི་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དེ་བསྒང་ མི་ངོ་༢༩ ལུ་ དྲི་ཞིབ་འབད་ཡོདཔ་མ་ཚད་ མི་༢ དོ་དམ་འོག་ལུ་ བཞག་པའི་ཤུལ་ལས་ བཏང་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

མདའ་རྩེད་དེ་ སྲོས་ཀྱི་མི་སེར་ཚུ་གི་དོན་ལུ་ སྤྲོ་སྟོན་འབད་ནིའི་ དུས་ཚོད་ཅིག་ཨིནམ།

༉ ལ་གོང་གསུམ་གྱི་ མི་སེར་ཚུ་གི་དོན་ལུ་ ཕམ་སྤུན་ཆ་འཛོམས་ཏེ་ སྤྲོ་བ་སྟོན་ནིའི་ དུས་ཚོད་བཟང་པོ་ཅིག་ མདའ་རྩེད་འགྲན་བསྡུར་འབད་ནི་དེ་ཨིན་པས། དེ་འབདཝ་ལས་ ཁ་ཙ་ ཐིམ་ཕུག་སྲོས་རྒེད་འོག་ནང་ ཁཝ་འགོ་དང་པ་རྐྱབ་ཡོདཔ་ལས་ གྱང་ཤུགས་ཆེ་བའི་ཁར་ ཆརཔ་གིས་སྦང་རུང་ མདའ་རྩེདཔ་ཚུ་ལུ་ ཧེང་སྐལ་ར་ …

Leave a Reply

Your email address will not be published. Required fields are marked *