ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

དེ་ཡང་ མགོ་གསར་གླིང་རྒེད་འོག་ནང་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་༣༠ དེ་ཅིག་གིས་ འདས་པའི་ཟླཝ་ཚུ་ནང་ ཤའི་ཚོང་འབྲེལ་ལུ་ གདོང་ལེན་བྱུང་ནི་དེ་གིས་ གསོ་སྐྱོང་ཁང་ཚུ་ནང་ ཕགཔ་ཚུ་ ཤ་ཉམས་རྒྱགས་ཐལ་དོ་ཡོདཔ་ཨིན་པས།

ཉི་མ་སྒྲོལ་མ་ཏ་མང་གིས་ སྤྱི་ལོ་༢༠༡༢ ལུ་ ཕགཔ་གསོ་སྐྱོང་ཁང་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ད་རེས་ ཕགཔ་༩༥ ཡོདཔ་ད་ དེའི་གྲས་ལས་ ཕགཔ་༣༡ ཤ་གི་དོན་ལུ་ གྲ་སྒྲིག་སོང་ཡོད་རུང་ བཙོང་ས་མེད་པའི་ཁར་ ཆག་གི་གོང་ཚད་ཡང་ རྒྱ་ཆེ་དྲགས་སྦེ་ར་ ཡར་སེང་སོང་ཡོད་པའི་ དཀའ་ངལ་བྱུང་ཡོདཔ་ཨིན་པས།

འགྲོ་འགྲུལ་བཀག་དམ་སྐབས་ ཕག་ཤའི་ཚོང་འབྲེལ་ལུ་ ཐོ་ཕོག་པའི་ཤུལ་ལས་ སྤྱི་ཟླ་༣ པའི་ནང་ ཚོང་འབྲེལ་འགོ་བཙུགས་ནི་རནམ་ད་ དུས་ཆེན་ཕོག་སྟེ་ལུས་ཡོདཔ་ད་ ད་རེས་ སྐྱིན་འགྲུལ་བཏབ་ནི་ཡོད་པའི་ཁར་ གོང་ཚད་དེ་ཡང་ ཡར་སེང་འགྱོ་སྟེ་ཡོད་ཟེར་ ཨིན་པས།

ཕགཔ་ཚུ་ ཟླཝ་༨ ལངམ་ད་ ཤ་གི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ ཀརྨ་ཕིཊ་ཟནམ་ལུ་ དངུལ་ཀྲམ་༡,༨༥༠ རེ་ གནས་དོ་ཡོདཔ་ད་ བར་ན་སྐོརམ་འབད་མི་ གསོ་སྐྱོང་ཁང་ཚུ་གིས་ ཉིནམ་རེ་ལུ་ ཀེ་ཇི་༥༠ དེ་རེ་ ལྟོ་བྱིན་དོ་ཡོདཔ་ཨིན་པས།

ཕགཔ་གསོ་སྐྱོང་གི་ཇོ་བདག་ ཊི་བི་ཏ་མང་གིས་ སླབ་མིའི་ནང་ གདོང་ལེན་བྱུང་བའི་སྐོར་ལས་ སོ་ནམ་པ་ཚུ་གིས་ འགོ་དཔོན་ཚུ་ལུ་ སྙན་ཞུ་འབད་རུང་ དཀའ་ངལ་སེལ་ཐབས་འབད་ནིའི་ གནས་སྐབས་མིན་འདུག་ཟེར་ཨིན་པས།

ཊི་བི་ཏ་མང་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཕགཔ་༤༥ འི་དོན་ལུ་ སྐྱིན་འགྲུལ་དངུལ་ཀྲམ་༥༠༠,༠༠༠ ལེན་ཡོད་པའི་ཁར་ དངུལ་ཀྲམ་༡༠༠,༠༠༠ ཟནམ་དང་ཆག་གི་དོན་ལུ་ གནསཔ་མས་ཟེར་ཨིན་པས།

འགོ་བཙུགས་པའི་སྐབས་ གཞུང་ལས་ ཕག་ལྟོའི་རྒྱབ་སྐྱོར་ཐོབ་སྟེ་ཡོད་རུང་ ད་རེས་ ཚོང་འབྲེལ་མེདཔ་ལས་ རྒུད་ཕོག་སྟེ་ ཡོད་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་འབད་བ་ཅིན་ རྒྱ་གར་ལས་ ཕག་ཤ་ནང་འདྲེན་འབད་ནི་དེ་གིས་ ནང་འཁོད་ཀྱི་ཕག་ཤ་ཚུ་ བཙོང་ཚུགས་པར་ལཱ་ཁག་བཏངམ་མས་ཟེར་ཨིནམ་ད་ ནང་འཁོད་ཀྱི་ ཕག་ཤ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠༠ དང་༥༠༠ གི་བར་ན་ གནས་དོ་ཡོདཔ་ད་ ནང་འདྲེན་འབད་མི་ཚུ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༣༥༠ རེ་སྦེ་ བཙོང་དོ་ཡོདཔ་ཨིན་པས།

ང་བཅས་ཀྱིས་ དངུལ་ཀྲམ་༤༠༠ འོག་རྒྱུ་སྦེ་ བཙོང་པ་ཅིན་ རྒུད་ཕོག་ནི་མས་ཟེར་ རྩི་རང་སྟོད་ལས་ཨིན་མི་ སན་མཱན་སུ་བྷ་གིས་ སླབ་ཡོདཔ་ད་ ཐོན་སྐྱེད་ཀྱི་ཟད་འགྲོ་དེ་ མཐོ་དྲགས་པས་ཟེར་ཨིན་པས།

རྫོང་ཁག་དེ་ནང་ ཕགཔ་གསོ་སྐྱོང་འབད་མི་ག་ར་ལུ་ འདས་པའི་ཟླཝ་༢ ནང་ འབྲེལ་ཡོད་ལས་སྡེ་ཚུ་ལས་ ཚོང་འབྲེལ་གྱི་ གྲོགས་རམ་མེད་པར་ གདོང་ལེན་བྱུང་སྟེ་ཡོདཔ་ད་ ལྟ་བཤལ་ལམ་སྟོན་པ་འབད་མི་ དབང་ཕྱུག་ནོར་འཛེམ་གྱིས་ སྤྱི་ལོ་༢༠༡༩ ལུ་ ནད་ཡམས་ལུ་བརྟེན་ ལཱ་གཡོག་བྱང་པའི་ཤུལ་ལས་ མགོ་སར་གླིང་ལུ་ ཕགཔ་གསོ་སྐྱོང་ཁང་ཆུང་བ་ཅིག་ གཞི་བཙུགས་ཡོདཔ་ཨིན་པས།

ཚོང་འབྲེལ་ནང་ ལཱ་འབད་དེ་ ཟླཝ་༡༡ ལང་དོ་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ གདོང་ལེན་བྱུང་མི་དེ་ ཚབས་ཆེན་ཡོདཔ་ལས་ གྲོགས་རམ་དགོཔ་ ངེས་ཏིག་འདུག་ཟེར་ཨིན་པས།

ཕག་ཤའི་ཚོང་འབྲེལ་དཀའ་ངལ་ སེལ་ཐབས་འབད་ནིའི་དོན་ལུ་ ཁོ་གིས་ འཕྲལ་མགྱོགས་ར་ མཉམ་ལས་ཚོགས་པ་ཅིག་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ཚོང་འབྲེལ་འཐབ་ས་མེད་པ་ཅིན་ སོ་ནམ་པ་ཚུ་གིས་ སྒོ་ནོར་ཐོན་སྐྱེད་ཚུ་ བཙོང་ས་མེདཔ་ལས་ ཉེན་ཁ་འདུག་ཟེར་ཨིནམ་ད་ ལ་ལོ་ཅིག་ ཚོང་གི་གནས་སྟངས་ལུ་བལྟ་སྟེ་ ཕགཔ་གསོ་སྐྱོང་འབད་ནི་ལུ་ སེམས་ཤུགས་ཉམས་ཏེ་འདུག་ཟེར་ཨིན་པས།

རང་ཟླ་༤ པ་ འགོ་བཙུགས་ནི་རན་དོ་ཡོདཔ་ལས་ གནས་སྟངས་དེ་ ཧེང་སྐལ་ར་ སྐྱོ་དྲགས་འགྱོ་ནི་ཨིནམ་ད་ བཀྲིས་ལྡིངས་ ལས་ ཕག་ཤའི་ཐོན་སྐྱེད་མཐོ་ཤོས་འབད་མི་ སི་ད་མ་གུ་རུང་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྫོང་ཁག་གི་ སོ་ནམ་པ་ཚུ་ལུ་ ཤ་བཙོང་ས་མེད་པའི་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིནམ་ད་ རྫོང་ཁག་ནང་འཁོད་ལུ་ བཙོང་ནི་དེ་ ཚད་ཅིག་ལས་བརྒལ་ མིན་འདུག་ཟེར་ཨིན་པས།

དར་དཀར་ནང་ལུ་འབད་བ་ཅིན་ ཕག་ཤ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༣༥༠ རེ་ཨིནམ་ད་ གཞུང་གིས་འབད་རུང་ ནང་འཁོད་ཀྱི་ཐོན་སྐྱེད་ལུ་ གཙོ་རིམ་བཟུང་སྟེ་ཡོདཔ་ད་ གལ་སྲིད་ མ་ལང་པ་ཅིན་རྐྱངམ་གཅིག་ ནང་འདྲེན་འབད་ནི་ལུ་ གཙོ་རིམ་བཟུང་དགོ་ཟེར་ཨིན་པས།

ཨིན་རུང་ རྫོང་ཁག་ནང་འཁོད་ཀྱི་ ཁག་འབགཔ་ཚུ་ལུ་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ཚད་ཀྱིས་ རྒྱབ་སྐྱོར་འབད་དེ་ཡོདཔ་ད་ སོ་ནམ་པ་གཞན་མི་ཅིག་གིས་ སླབ་མིའི་ནང་ གཞུང་གིས་ ནང་འདྲེན་འབད་ནིའི་དོན་ལུ་ ནང་འཁོད་ལས་ ཐོན་སྐྱེད་ཉུང་སུ་འབད་བའི་སྐབས་ ནང་འདྲེན་འབད་ནིའི་དོན་ལུ་ དུས་ཚོད་ཅིག་ བཟོ་དགོཔ་འདུག་ཟེར་ཨིན་པས།

རྫོང་ཁག་དང་གཅིག་ཁར་ གནས་སྡུད་བཞག་མི་དང་འཁྲིལཝ་ད་ དར་དཀར་ནང་ལུ་ ཕགཔ་གསོ་སྐྱོང་ཁང་༢༠༣ དང་ གསར་སྤང་ལུ་༤༠ ཡོདཔ་ད་ ཤོམ་སྤང་ཁ་་ལུ་འབད་བ་ཅིན་ ཕག་ཤ་ཀེ་ཇི་༡༤,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ནིའི་དོན་ལུ་ ཕགཔ་༣༠༠ དེ་ཅིག་ གྲ་སྒྲིག་འབད་ཡོདཔ་ད་ ཕགཔ་༢༠༠ དེ་ཅིག་ ཕྱུག་གུ་འཚའ་ནི་སྦེ་ གྲ་སྒྲིག་ཡོདཔ་ཨིན་པས།

རྒེད་འོག་ནང་ ཕགཔ་གསོ་སྐྱོང་འབད་མི་ མོ་ཧཱན་རའི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཕག་ཤ་བཙོང་ས་མེད་པ་ཅིན་ སོ་ནམ་པ་ཚུ་གིས་ ཆག་གི་དོན་ལས་ ཟད་འགྲོ་གཏང་ནི་ལུ་ ལཱ་ཁག་རྐྱབ་འོང་ཟེར་ཨིནམ་ད་ ཟླཝ་རེ་ནང་ དངུལ་ཀྲམ་༡༠༠,༠༠༠ དེ་རེ་ ཟད་འགྲོ་བཏང་དོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ད་ལྟོའི་ གནས་སྟངས་དེ་གིས་ སོ་ནམ་པ་ཚུ་ལུ་ ཕགཔ་གསོ་སྐྱོང་ཁང་ ཆུང་ཀུ་བཟོ་དགོཔ་འཐོན་ནི་མས་ཟེར་ཨིནམ་ད་ ཚོང་ལཱ་དེ་འབད་ནི་ལུ་ཡང་ སྤྲོ་བ་ཞན་ནི་མས་ཟེར་ཨིན་པས།

རྫོང་ཁག་ནང་ ཕགཔ་གསོ་སྐྱོང་འབད་མི་ཚུ་གིས་ རྫོང་ཁག་སྒོ་ནོར་ལས་ཁུངས་དང་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ ཁྱེགས་བཟོ་སྟེ་ བཙོང་སྲོལ་ཡོད་མི་དེ་ བཀག་དམ་འབད་དགོ་པའི་ ཞུ་བ་འབད་དེ་ཡོདཔ་ད་ ཧེ་མ་འབད་བ་ཅིན་ ཐོན་སྐྱེད་བཙོང་མ་ཚུགས་པའི་དཀའ་ངལ་མེད་རུང་ ད་རེས་ ཐེབས་ལུས་ཏེ་ཡོད་ཟེར་ཨིན་པས།

རྒེད་འོག་གི་ འགོ་དཔོན་ཚུ་དང་འཁྲིལཝ་ད་ ཚོང་འབྲེལ་དོན་ལུ་ གསོ་སྐྱོང་ཁང་ བཙུགས་མིའི་གྱངས་ཁ་དེ་ ནད་ཡམས་ཀྱི་སྐབས་ ཡར་སེང་སོང་ཡི་ཟེར་ཨིནམ་ད་ དེ་ཡང་ མང་ཤོས་ར་ ལོག་གཡུས་ཁར་འོང་སྟེ་ སོ་ནམ་གྱི་ལཱ་འབད་ནི་ འགོ་བཙུགས་ཏེ་ཡོད་ཟེར་ ཨིན་པས།

རྫོང་ཁག་སྒོ་ནོར་ལས་ཁུངས་ཀྱིས་ སོ་ནམ་པ་ཚུ་ འབྲུག་སྒོ་ནོར་གོང་འཕེལ་ལས་འཛིན་ཚད་དང་གཅིག་ཁར་ འབྲེལ་བ་བཟོ་སྟེ་ དཀའ་ངལ་སེལ་ཐབས་འབད་ནིའི་ འཆར་གཞི་བཟོ་དོ་ཡོདཔ་ད་ ཕག་ཤ་བཙོང་མ་ཚུགས་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ ཕགཔ་གི་ཕྱུག་གུ་ཚུ་ཡང་ རྫོང་ཁག་ལས་ ཕྱི་ཁར་བཙོང་བཅུག་ནི་ཨིན་པས།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ རྫོང་ཁག་ནང་ ཕགཔ་གསོ་སྐྱོང་ཁང་༧༠ ཡོདཔ་ཨིན་པའི་གནས་ཚུལ།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *