ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཆུམ་གྱིས་ རང་ལྡང་གི་ འོས་འབབ་མེདཔ།

༉ འབྲུག་འདི་ སོ་ནམ་གྱི་ལཱ་ལུ་བརྟེན་པའི་ རྒྱལ་ཁབ་ཅིག་ཨིན་རུང་ ནང་འཁོད་ལས་ཐོན་སྐྱེད་འབད་མི་ཆུམ་གྱིས་ ལང་མི་ཚུགས་དོ་ཡོདཔ་མ་ཚད་ ད་རེས་ རྒྱལ་ཁབ་ཀྱི་ཆུ་ཞིང་ཨེ་ཀར་སྟོང་ཕྲག་ལས་བཅད་དེ་ སྟོངམ་ལུས་མི་དེ་གིས་ ཧེང་སྐལ་ར་ ལང་མ་ཚུགས་པའི་ དཀའ་ངལ་འབྱུང་ནི་ཨིན་མས།
རྒྱལ་ཁབ་ནང་ ནང་འཁོད་ཆུམ་གྱིས་ རང་མགོ་རང་འདྲོངས་སྦེ་ གནས་དགོ་པ་ཅིན་ ལོ་བསྟར་བཞིན་དུ་ ཆུམ་མེ་ཊིག་ཊཱོན་༡༥༦,༡༩༢ ཐོན་སྐྱེད་འབད་དགོཔ་ཨིན་རུང་ ད་རེས་ ལོ་བསྟར་བཞིན་དུ་ ཆུམ་མེ་ཊིག་ཊཱོན་༤༨,༡༥༦.༦ ལས་བརྒལ་ ཐོན་སྐྱེད་འབད་མ་ཚུགསཔ་ཨིན་མས།
ཆུམ་མེ་ཊིག་ཊཱོན་༡༥༦,༡༩༣ ཐོན་སྐྱེད་འབད་དགོ་པ་ཅིན་ ཆུ་ཞིང་ཨེ་ཀར་༡༦༠,༠༠༠ དགོཔ་ཨིན་རུང་ ད་ཚུན་ ཐོ་བཀོད་འབད་མི་ཆུ་ཞིང་ཨེ་ཀར་༨༠,༠༠༠ ལས་བརྒལ་མེདཔ་ད་ དེའི་ནང་ལས་ བཟའ་སྤྱོད་འབད་མི་དེ་ ཨེ་ཀར་༤༩,༣༢༥ ལས་བརྒལ་མིན་འདུག།
ད་རེས་ རྫོང་ཁག་༡༩ ནང་ བཟའ་སྤྱོད་འབད་མ་ཚུགས་པར་ ཆུ་ཞིང་སྟོངམ་ཨེ་ཀར་༦,༣༤༥ ལུས་མི་དེ་གིས་ ཧེང་སྐལ་ར་ བཟའ་འཐུང་གི་ཐོག་ལུ་ རང་མགོ་རང་འདྲོངས་སྦེ་ གནས་ཚུགས་ནི་དེ་ ལཱ་ཁག་གཏང་ནི་ཨིན་མས།
ཆུ་ཞིང་ཨེ་ཀར་༦,༣༤༥ སྟོངམ་སྦེ་ བཀོག་བཞག་མི་དེ་གིས་ ལོ་བསྟར་བཞིན་དུ་ ཆུམ་མེ་ཊིག་ཊཱོན་༦,༡༩༣.༩༨༩ དེ་རེ་ བསྡུ་མ་ཚུགས་པར་ ཆུས་ཟད་འགྱོ་དོ་ཡོདཔ་ཨིན་མས།
གལ་སྲིད་ ས་ཞིང་ཡོད་མི་དེ་ ལེགས་ཤོམ་སྦེ་ བཟའ་སྤྱོད་འབད་བ་ཅིན་ ཆུམ་ནང་འདྲེན་འབད་མི་ལུ་བརྟེན་ ཟད་འགྲོ་དངུལ་ཀྲམ་ ཐེར་འབུམ་ལས་བཅད་དེ་ བཏང་མི་དེ་ཡང་ མར་ཕབ་འབད་ཚུགས་པའི་ གོ་སྐབས་འདུག།
དེ་ཡང་ སྤྱི་ལོ་༢༠༡༦ ལུ་ ཆུམ་རྐྱངམ་གཅིག་ ནང་འདྲེན་འབད་མི་ལུ་ ཟད་འགྲོ་དངུལ་ཀྲམ་ཐེར་འབུམ་༡.༩ གནས་མི་དེ་ ད་ཚུན་ མཐོ་ཤོས་ཨིནམ་ད་ དེའི་ཤུལ་ལས་ར་ སྤྱི་ལོ་༢༠༡༤ ལུ་ དངུལ་ཀྲམ་ཐེར་འབུམ་༡.༧ གནས་པའི་ཆུམ་ ནང་འདྲེན་འབད་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་འབད་བ་ཅིན་ དངུལ་ཀྲམ་ཐེར་འབུམ་༡.༦ ཟད་འགྲོ་བཏང་ནུག།
རྒྱལ་ཁབ་ཀྱི་མི་རློབས་༧༠༠,༠༠༠ ལྷགཔ་ཅིག་ལས་ བརྒྱ་ཆ་༨༠ དེ་ཅིག་ སོ་ནམ་གྱི་ ལཱ་ལུ་བརྟེན་སྡོདཔ་ཨིན་རུང་ ཆུམ་ནང་འདྲེན་འབད་མི་ རྐྱངམ་གཅིག་ལུ་ ལོ་བསྟར་བཞིན་དུ་ དངུལ་ཀྲམ་ཐེར་འབུམ་ལས་བཅད་དེ་ ཟད་འགྲོ་གཏང་པ་ཅིན་ རྒྱལ་ཁབ་གཞན་གྱི་ མ་དངུལ་གྲོགས་རམ་ཚུ་ལུ་བརྟེན་སྡོད་མི་ འབྲུག་རྒྱལ་ཁབ་འདི་ གོང་འཕེལ་འགྱོ་ནི་ལུ་ ཐོ་སྦོམ་ཕོག་ནི་མས།
ད་ལྟོ་ ཆུ་ཞིང་སྟོངམ་༦,༣༤༥ ཡོད་མི་དེ་ ལོག་བཟའ་སྤྱོད་འབད་བ་ཅིན་ ཆུམ་༦,༡༩༣.༩༨༩ ཐོན་སྐྱེད་འབད་མི་དེ་གིས་ ཟད་འགྲོ་དངུལ་ཀྲམ་ ས་ཡ་ལས་བཅད་དེ་ མར་ཕབ་འབད་ཚུགས་པའི་ གོ་སྐབས་ཡོདཔ་ལས་ ཞིང་སྟོངམ་ལུས་མི་ཚུ་ བཟའ་སྤྱོད་འབད་ནིའི་དོན་ལུ་ གཞུང་གིས་ ཐབས་ཤེས་བཏོན་དགོཔ་འདུག།
ཆུ་ཞིང་སྟོངམ་ལུས་མི་དེ་ ཞིང་ཆུ་སྐམ་འགྱོ་མི་དང་ གཡུར་བ་མེདཔ་ཐལ་མི་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་བཀལ་མི་ གྲོང་གཡུས་ལས་ཁྲོམ་ཁར་ གནས་སྤོ་འོང་སྟེ་ གཡུས་ཁར་ལཱ་འབད་མི་མེདཔ་ དེ་ལས་ ཆུ་ཞིང་ཚུ་ནང་ གོང་འཕེལ་ལཱ་འབད་དེ་ ཞིང་མེདཔ་བཏང་ནི་དེ་གིས་ཨིན་མས།
གལ་སྲིད་ གོང་གི་དཀའ་ངལ་ཚུ་ གདོང་ལེན་འབད་ནིའི་དོན་ལུ་ གཞུང་གིས་ ཡུན་བརྟན་གྱི་ སྲིད་བྱུས་དང་ཐབས་ཤེས་ བཏོན་མ་ཚུགས་པ་ཅིན་ སོ་ནམ་གྱི་ ལཱ་ལུ་བརྟེན་ རྒྱལ་ཁབ་ཀྱིས་ ད་ལས་ཕར་ ལོ་ལས་ལོ་བཅད་དེ་ རྒྱལ་ཁབ་གཞན་ལུ་ རེ་སྡོད་དགོཔ་འཐོན་ནི་ཨིན་མས་ཟེར་ ཞུ་ནི་ཨིན།

About admin

Check Also

དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོ་པའི་རྒྱབ་ཁུངས་དང་ དྲིན་ལན་འཇལ་ནིའི་ཐབས་ལམ།

༉ རང་ཟླ་༩ པའི་ཚེས་༢༢ ལུ་ ལྷ་བབས་དུས་ཆེན་གྱི་ཉིནམ་འདི་ དྲིན་ཅན་ཕ་མའི་ཉིནམ་སྦེ་ བརྩི་སྲུང་ཞུཝ་ཨིན།  དེ་སྦེ་བརྩི་སྲུང་འབད་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ དྲིན་ཅན་ཕམ་ལུ་ དྲིན་ལན་འཇལ་དགོཔ་ ཁག་ཆེཝ་ཨིནམ་ ཤེས་ནིའི་དོན་ལུ་ཨིན། ཕམ་ཚུ་ལུ་ དྲིན་ལན་འཇལ་དགོ་པའི་ཁུངས་ …

Leave a Reply

Your email address will not be published. Required fields are marked *