བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ ཨེབ་རྟ་ཨེབ་ཐོག་ལས་ རྡོ་རྫས་བཀལ་ཏེ་ ས་དོང་སྤེད་ནིའི་ལཱ་ འགོ་འབྱེད་འབད་བའི་བསྒང་།

ནང་འཁོད་ལས་སྡེ་གིས་ དོང་སྤེད་ནིའི་ལཱ་འབད་མི་དེ་ རྒྱལ་རབས་ཅན་ཅིག་ཨིནམ།

༉ ཁ་ཙ་ ཀྲོང་གསར་ སྟང་སི་སྦྱིས་རྒེད་འོག་ནང་སྦེ་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ཨེ་ཌིཊ་༤ པ་དང་ ས་འོག་ཆུ་ལམ་གྱི་ ས་དོང་བརྐོ་ནིའི་ལཱ་དེ་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ འགོ་འབྱེད་གནང་ཡི།

དེ་བསྒང་ བློན་ཆེན་མཆོག་གིས་ རྡོ་རྫས་ཅིག་ཡང་ བཀལ་གནང་ཡོདཔ་མ་ཚད་ ས་དོང་སྤེད་ནིའི་ འཕྲུལ་ཆས་ཚུ་ལུ་ཡང་ གཟིགས་ཞིབ་གནང་ཡི།
ས་འོག་ཆུ་ལམ་སྤེད་ནིའི་ ལཱ་དེ་ འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱིས་ རྒྱ་གར་གྱི་ཁག་འབགཔ་ ཧིན་དུསི་ཏཱན་བཟོ་སྐྲུན་ལས་སྡེ་ལས་ ལེན་ཡོདཔ་ད་ ད་ལས་ཕར་ འཕྲོ་མཐུད་དེ་ ས་དོང་སྤེད་ནི་ཨིན་པས།
ས་དོང་སྤེད་མི་ ཨེ་ཌིཊ་༤ པ་དེ་ ཚེ་རིང་མ་གྲུབ་ཆུ་ལས་ ཀྲོང་གསར་ཁ་ཐུག་འོངམ་ད་ བཀྲིས་གླིང་བརྒལ་ཏེ་ ཚང་ཁ་མ་ལྷོདཔ་ཅིག་ཁར་ ཤར་ནུབ་གཞུང་ལམ་གྱི་ འོག་ལུ་ཡོདཔ་ཨིན་པས།
ས་འོག་ཆུ་ལམ་དང་ ཨེ་ཌིཊ་གཉིས་ཆ་ར་ བསྡོམས་པའི་སྐབས་ དོང་རིང་ཚད་མི་ཊར་༣,༡༢༦ ཡོདཔ་ད་ དོང་སྤེད་ནིའི་ལཱ་དེ་ སྤྱི་ལོ་༢༠༡༩ ཟླ་༡༢ པའི་ནང་ མཇུག་བསྡུ་དགོཔ་ཨིན་པས།
འབྲུག་བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ ཕུན་ཚོགས་རྒྱལ་མཚན་གྱིས་ སླབ་མིའི་ནང་ ཁོང་གིས་ གློག་མེ་ལས་འགུལ་དང་འབྲེལ་བའི་ལཱ་དེ་ ལེན་ནིའི་དོན་ལུ་ ལོ་༣ གྱི་ཧེ་མ་ལས་ གྲ་སྒྲིག་འབད་ཡི་ཟེར་ཨིནམ་ད་ ད་རེས་འབདཝ་ད་ ལཱ་འགོ་བཙུགས་ཚུགས་ཏེ་ ཡོད་ཟེར་ཨིན་པས།
གློག་མེ་ལས་འགུལ་ནང་ ལཱ་འབད་ནིའི་དོན་ལུ་ དགོས་མཁོ་སྦོམ་ཡོད་མི་དང་འཁྲིལ་ འཕྲུལ་ཆས་ལག་ལེན་པ་དང་ བཟོ་རིག་འགོ་དཔོན་ཚུ་ཡང་ འབྲུག་ལུ་ ད་རེས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གློག་མེ་ལས་འགུལ་ཚུ་དང་ རྒྱལ་ཁབ་ཕྱི་ཁར་ལས་ཕར་བཏང་ཐོག་ལས་ སྦྱོང་བརྡར་བྱིན་ཏེ་ ཡོད་ཟེར་ཨིན་པས།
དེ་ཡང་ ལས་འཛིན་དང་ སྟང་སི་སྦྱིས་གློག་མེ་ལས་འགུལ་གཉིས་ཀྱི་བར་ནའི་ ལཱ་དང་པ་ཨིནམ་ད་ དེ་གི་དོན་ལུ་ ལས་འཛིན་གྱིས་ རིན་གོང་དངུལ་ཀྲམ་ས་ཡ་༢༠༤ གནས་པའི་ འཕྲུལ་ཆས་ཡང་ མཁོ་སྒྲུབ་འབད་ནུག།
ཕུན་ཚོགས་རྒྱལ་མཚན་གྱིས་ བཤད་མིའི་ནང་ ལས་འཛིན་གྱིས་ བསམ་གྲུབ་ལྗོངས་མཁར་ལུ་ཡོད་པའི་ ཉེ་ར་ཨ་མ་རི་གློག་མེ་ལས་འགུལ་ནང་ཡང་ ས་དོང་སྤེད་ནིའི་ ལཱ་ཁག་༣ འབད་མི་དེ་ ད་ལྟོ་ཚུན་ ལཱ་བརྒྱ་ཆ་༣༠ དེ་ཅིག་ མཇུག་བསྡུ་སྟེ་ ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གློག་མེ་ལས་འགུལ་གྱི་ འོག་ལུ་ཚུད་པའི་ལཱ་གཞན་ གློག་ཐག་སྤྲིང་ནིའི་ལཱ་ཚུ་ཡང་ འབད་ནི་འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
འགོ་འབྱེད་སྐབས་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ སྤྱི་ལོ་༡༩༧༨ ཆུ་ཁ་གློག་མེ་ལས་འགུལ་ གཞི་བཙུགས་འབད་མི་དང་འཁྲིལ་ ད་ལྟོ་ཚུན་ ས་འོག་ཆུ་ལམ་ ཀི་ལོ་མི་ཊར་༩༠ ཡོདཔ་ཨིན་རུང་ དེ་ནང་ འབྲུག་པའི་ལས་སྡེ་དང་ ཁག་འབགཔ་ཚུ་གིས་ གྲལ་གཏོགས་འབད་མ་ཚུགས་པས་ཟེར་ཨིན་པས།
ཨིན་རུང་ ད་རེས་ འབྲུག་བཟོ་སྐྲུན་གོང་འཕེལ་གྱིས་ དེ་བཟུམ་མའི་ལཱ་ འབད་ནི་འགོ་བཙུགས་མི་ལུ་ ངལ་རངས་སྦོམ་ཡོད་ཟེར་གསུངས་ཡི།
དེ་བཟུམ་མའི་ གྲལ་གཏོགས་འབད་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ ཁྱད་རིག་དང་ འཕྲུལ་ཆས་ དེ་ལས་ མི་སྟོབས་ཚུ་གི་ དཀའ་ངལ་ལུ་བརྟེན་ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་འབད་བ་ཅིན་ མ་གཞི་ རྒྱལ་ཁབ་ནང་འཁོད་ཀྱི་ཁག་འབགཔ་ཚུ་གིས་ འཁོར་ལམ་དང་ ཁྱིམ་བཟོ་སྐྲུན་འབད་ནིའི་ནང་མ་གཏོགས་ གཞན་ལཱ་འབད་མ་ཚུགས་པས་ཟེར་ཨིན་པས།
ད་རེས་ ལས་འཛིན་གྱིས་ དེ་བཟུམ་མའི་ ལཱ་འགོ་བཙུགས་མི་དེ་ འགྲོས་ཀྱིས་སྦེ་ ནང་འཁོད་ཀྱི་ལས་སྡེ་ཚུ་གིས་ གློག་མེ་འཕྲུལ་ཁང་ཚུ་ བཟོ་སྐྲུན་འགོ་བཙུགས་ཏེ་ མཇུག་མ་བསྡུ་ཚུན་ འབད་ཚུགསཔ་ཐལ་ནིའི་ བརྡ་མཚོན་ཨིནམ་ད་ ད་རེས་ ལཱ་འབད་མི་ འབྲུག་མི་ཙང་ཙ་འབད་མི་ ལས་འཛིན་གྱིས་ ས་འོག་ཆུ་ལམ་བཏོན་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ ཉི་མ་དབང་འདུས།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *