༉ རྒྱལ་ཁབ་ནང་ ནང་འཁོད་རྩུབ་སྤྱོད་དང་འབྲེལ་བའི་ འཛིན་སྐྱོང་འབད་བའི་སྐབས་ འབྲེལ་ཡོད་ལས་སྡེ་ཚུ་ལས་ མཉམ་འབྲེལ་མེད་མི་ལུ་བརྟེན་ གདོང་ལེན་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
དེ་ཡང་ ཁ་ཙ་ ཐིམ་ཕུག་ལུ་ མོས་མཐུན་བཟོ་ནིའི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་མིའི་ནང་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་དང་འབྲེལ་ཡོད་འགོ་དཔོན་ཚུ་གིས་ བཤད་ཅི།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནང་འཁོད་རྩུབ་སྤྱོད་ཀྱི་ གནད་དོན་ཚུ་ མི་སྡེའི་ནང་ རྣམ་རྟོག་ལང་མི་ལུ་བརྟེན་ སྙན་ཞུ་འབད་མི་བཏུབ་པས་ཟེར་ཨིནམ་ད་ མཐུན་རྐྱེན་མེདཔའི་ཁར་ མཐུན་རྐྱེན་ཡོད་རུང་ ལག་ལེན་འཐབ་བཏུབ་མེདཔ་ལས་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
ཐིམ་ཕུག་ཁྲོམ་སྡེ་གི་ ཁྲིམས་སྲུང་འགག་པའི་ལིང་དཔོན་ དབང་འདུས་ཀྱིས་ སླབ་མིའི་ནང་ ནང་འཁོད་རྩུབ་སྤྱོད་ཀྱི་སྐོར་ལས་ གོ་བ་བརྡ་སྤྲོད་ ལེགས་ཤོམ་མེད་པའི་ཁར་ འབྲེལ་ཡོད་འགན་ཁུར་ཚུ་ ཅོག་འཐདཔ་ཡོད་པའི་ དཀའ་ངལ་བྱུང་ཡོདཔ་བཞིན་དུ་ གནད་དོན་དེ་ལུ་ གཙོ་རིམ་བཟུང་དགོཔ་འདུག་ཟེར་ཨིན་པས།
བསམ་རྩེའི་ཁྲིམས་སྲུང་འགག་སྡེའི་ ལིང་དཔོན་སངས་རྒྱས་ཀྱིས་ སླབ་མིའི་ནང་ ད་རེས་ མི་སྡེའི་ནང་ གནད་དོན་ཐོག་ལུ་ ལེགས་ཤོམ་སྦེ་ ཧ་གོ་མི་ མེད་པའི་ཁར་ ཁོ་ལུ་བྱུང་མི་ ཉམས་མྱོང་དང་འཁྲིལཝ་ད་ ནང་འཁོད་རྩུབ་སྤྱོད་ཀྱི་ སྙན་ཞུ་འབད་བར་འོངམ་ད་ ཉམས་རྒུདཔ་ཚུ་ བཞག་ནིའི་དོན་ལུ་ ཉེན་སྲུང་གི་ ཁྱིམ་མེད་པའི་ དཀའ་ངལ་བྱུང་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་དང་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་༢ ཀྱིས་ ནང་འཁོད་རྩུབ་སྤྱོད་དེ་ སེལ་ཐབས་འབད་མི་ཚུགས་ནི་ཨིནམ་ལས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ མཉམ་འབྲེལ་གང་དྲག་འབད་དགོ་ཟེར་ཨིན་པས།
ཁྲིམས་སྲུང་འགོ་དཔོན་ཚུ་གིས་ འབད་བ་ཅིན་ སྦྱོང་བརྡར་དེ་ལུ་བརྟེན་ ཁྲིམས་སྲུང་འགག་པ་དང་ མི་སྡེའི་དང་འབྲེལ་བའི་ རྒྱབ་སྐྱོར་འབད་མིའི་བར་ན་ མཉམ་འབྲེལ་བཟོ་ཚུགས་ནི་དང་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་བཅའ་ཁྲིམས་ དེ་ལས་ འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ ཉེན་སྐྱོབ་བཅའ་ཁྲིམས་ཀྱི་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ཡང་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ལས་སྡེ་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ ལཱའི་མཉམ་འབྲེལ་ཡར་དྲག་གཏང༌ནིའི༌དོན༌ལུ༌ འཇིགས་མེད་སེངྒེ་དབང་ཕྱུག་ཁྲིམས་ཀྱི་སློབ་སྡེ་དང་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་མཉམ་འབྲེལ་ཐོག་ལས་ རྒྱལ་ཁབ་ནང་འཁོད་ལས་ ཁྲིམས་སྲུང་འགོ་དཔོན་དང་ མི་སྡེ་དང་འབྲེལ་བའི་ རྒྱབ་སྐྱོར་འབད་མི་ ཁས་བླངས་པ་ དེ་ལས་ འབྲེལ་ཡོད་འགོ་དཔོན་ཚུ་ལུ་ བྱིན་ཏེ་འདུག།
དུས་ཅི་ སྤྱི་ཟླ་༢ པའི་ཚེས་༧ ལུ་ ཁྲིམས་སྲུང་འགག་པ་དང་ ཨམ་སྲུ་ཆ་བཞག་དང་ ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་༢ ཀྱི་བར་ན་ ཟུང་ཕྱོགས་གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ཤུལ་ལས་ ད་རེས་ རྫོང་ཁག་༢༠ ཀྱི་ ཁྲིམས་སྲུང་འགག་པ་ཚུ་ལུ་ སྦྱོང་བརྡར་ལས་རིམ་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིན་པས།
སྦྱོང་བརྡར་ལས་རིམ་སྐབས་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ ཁྲིམས་དོན་འགོ་དཔོན་གོངམ་གིས་ འབྲུག་གི་ནང་འཁོད་རྩུབ་སྤྱོད་བཀག་སྡོམ་བཅའ་ཁྲིམས་༢༠༡༣ ཅན་མ་དང་ ནང་འཁོད་རྩུབ་སྤྱོད་ཀྱི་ གོ་དོན་སྐོར་ལས་ གསལ་ཞུ་འབད་ཡི།
ཁོ་གིས་ སླབ་མིའི་ནང་ ནང་འཁོད་རྩུབ་སྤྱོད་ཐོན་མི་དེ་ཡང་ མང་ཤོས་ར་ གྲོང་གསེབ་གཡུས་སྒོ་ཚུ་ནང་ བྱུང་མི་དེ་ཡང་ གནད་དོན་དེའི་སྐོར་ལས་ གོ་བ་བརྡ་སྤྲོད་ མ་ཐོབ་མི་ལུ་བརྟེན་ཨིན་མས་ཟེར་ཨིནམ་ད་ རྩུབ་སྤྱོད་ཟེར་མི་ བྱ་བ་ཕྱིར་བཤོལ་དང་ བྱ་སྤྱོད་ག་ཅི་ར་འབད་རུང་ མི་ཅིག་ལུ་ གཟུགས་ཁམས་འཁྲིག་ཆགས་ དྲན་ཤེས་སམ་ཚོར་སྣང་ ཡང་ཅིན་ དཔལ་འབྱོར་གྱི་ སྡུག་སྦྱོང་འབད་མི་ལུ་ གོཝ་མས་ཟེར་ཨིན་པས།
ཁྲིམས་དོན་འགོ་དཔོན་གྱི་ སླབ་མིའི་ནང་ ད་རེས་ རྒྱལ་ཁབ་ནང་ ནང་འཁོད་རྩུབ་སྤྱོད་དེ་ཡང་ ཕོ་སྐྱེས་ཚུ་གིས་ ལཱ་མ་འབད་མི་དང་ ཆང་འཐུང་སྡོད་མི་ལུ་བརྟེན་ བྱུངམ་མས་ཟེར་ཨིན་པས།
ཁྲིམས་སྲུང་འགོ་དཔོན་ཚུ་གིས་ སློབ་གྲྭ་ཚུ་ནང་ ཨ་རོགས་དགའ་རོགས་བཟོ་སྟེ་ སྟབས་མ་བདེཝ་བྱུང་མི་དེ་ རྩུབ་སྤྱོད་སྦེ་ བརྩི་འཇོག་འབད་ཨིན་ནའི་སྐོར་ལས་ གྲོས་བསྡུར་འབད་བའི་སྐབས་ ཁྲིམས་དོན་འགོ་དཔོན་གྱིས་ འབད་བ་ཅིན་ ནང་འཁོད་རྩུབ་སྤྱོད་ཀྱི་ གོ་དོན་དེ་ཡང་ ནང་འཁོད་མཐུན་འབྲེལ་ཡོད་པའི་ མི་ཅིག་གིས་ མི་གཞན་ཅིག་ལུ་ རྩུབ་སྤྱོད་འབད་མི་ལུ་ གོ་ཟེར་ཡོདཔ་ལས་ ནང་འཁོད་རྩུབ་སྤྱོད་སྦེ་ བརྩི་འཇོག་མི་འབད་ཟེར་ཨིན་པས།
སྦྱོང་བརྡར་སྐབས་ གཙུག་སྡེའི་རབ་འབྱམས་བསྟན་འཛིན་གྱིས་ འབྲུག་གི་ཨ་ལོ་གཅེས་སྐྱོང་དང་ ཉེན་སྐྱོབ་བཅའ་ཁྲིམས་༢༠༡༡ ཅན་མའི་གུ་ གསལ་ཞུ་འབད་ཡོདཔ་བཞིན་དུ་ ད་རེས་ རྒྱལ་ཁབ་ནང་ སྲིད་བྱུས་དང་ ཁྲིམས་བཟོ་ནི་ལུ་ ལེགས་ཤོམ་ཡོད་རུང་ ལག་ལེན་འཐབ་ནི་ལུ་ འཐུས་ཤོར་ཏེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པའི་འགན་ཁུར་དེ་ཡང་ ཨ་ལོ་ཚུ་ དཀའ་ངལ་གྱི་ གནས་སྟངས་ཐོག་ལུ་ཡོད་མེད་ གཏན་འཁེལ་བཟོ་ནི་དང་ གུས་ཞབས་སྙིང་རྗེའི་ཐོག་ལས་ འབྲེལ་བ་ལེགས་ཤོམ་སྦེ་འཐབ་ནི་ ཨ་ལོའི་ཉེན་སྲུང་ངེས་བརྟན་བཟོ་ནི་ འོས་ལྡན་གྱི་ ཉེན་སྲུང་དང་ གྲོགས་རམ་གྱི་ ཐབས་ལམ་བསྒྲིག་ནི་ གཅེས་སྐྱོང་དང་ ཉེན་སྐྱོབ་ཀྱི་ གྲོགས་རམ་བྱིན་ནི་ཚུ་ཨིན་ཟེར་ཨིན་པའི་གནས་ཚུལ།
ཨོ་རྒྱན་རྡོ་རྗེ།