༉ རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་གྱིས་ ནང་འཁོད་ཚོགས་ཆུང་ཧྲམ་ནིའི་སྐོར་ལས་ ཐུགས་ཚ་གྱང་ཡོད་ལུགས་ཀྱི་བཀའ་རྒྱ་ ཡིག་ཐོག་ལུ་ གནང་མི་དེ་ལུ་ ཚོགས་ཆུང་གིས་ ལན་མི་ཞུ་ནི་སྦེ་ ཐག་བཅད་ནུག།
ཨིན་རུང་ ཚོགས་དཔོན་གྱིས་ ནང་འཁོད་ཚོགས་ཆུང་དེ་ རྒྱལ་ཡོངས་ཚོགས་འདུའི་ གནས་ཡུན་མ་ཚང་ཚུན་ཚོད་ འཕྲོ་མཐུད་དེ་ར་ བཞག་དགོཔ་སྦེ་ བཀའ་གནང་ཡོད་མི་དང་འཁྲིལ་ ད་རེས་ ཕྱག་ཞུ་བཞིན་དུ་ཡོདཔ་ཨིན་པས།
ཚོགས་དཔོན་འཇིགས་མེད་བཟང་པོ་གིས་བཏང་མི་ ཡི་གུ་དང་འཁྲིལ་ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ འཐུས་མི་ཚུ་གིས་ ཚོགས་ཆུང་དེ་ ལོག་གཞི་བཙུགས་འབད་ནི་གི་ གྲོས་ཐག་བཅད་ཡོདཔ་ད་ གནས་སྐབས་ཅིག་གི་དོན་ལུ་ ནང་འཁོད་ཚོགས་ཆུང་ ཧྲམ་གཏང་ནིའི་གྲོས་ཐག་དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༧༡ པ་ འཚོགས་པའི་སྐབས་ བཅད་ཡོདཔ་ཨིན་པས།
འཐུས་མི་ཚུ་གིས་ ནང་འཁོད་ཚོགས་ཆུང་ཧྲམ་གཏང་ནིའི་ གྲོས་ཆོད་བཏོན་མི་དེ་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་དང་ བྱ་བའི་གནད་སྤྱོད་ལས་ འགལ་བ་ཨིནམ་སྦེ་ ཚོགས་དཔོན་གྱིས་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཚོགས་ཆུང་ལུ་ ཡི་གུ་བཏང་ནུག།
ཚོགས་ཆུང་གི་ཁྲི་འཛིན་ མཁའ་གླིང་-ཝམ་རོང་འདེམས་ཁོངས་ཀྱི་འཐུས་མི་ ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཚོགས་ཆུང་གིས་ ཚོགས་དཔོན་གྱི་ བཀའ་དང་འཁྲིལ་ ལཱ་འབད་དོ་ཡོདཔ་ལས་ ཚོགས་དཔོན་ལུ་ ཡི་གུའི་ཐོག་ལས་ ངོས་ལེན་ཕུལ་དགོཔ་མེད་ཟེར་ཨིན་པས།
གལ་སྲིད་ ཚོགས་ཆུང་གི་ འཐུས་མི་ཚུ་ དགོངས་ཞུ་འབད་འདོད་ཡོད་རུང་ སྤྱི་ཟླ་༨ པའི་ཚེས་༡༠ གྱི་ཧེ་མ་ རྒྱུ་མཚན་དང་བཅསཔ་སྦེ་ ཡི་གུ་བཙུགས་དགོཔ་ད་ ཁྲི་འཛིན་ཀརྨ་བསྟན་འཛིན་གྱིས་ འབད་བ་ཅིན་ འཐུས་མི་ལ་ལོ་ཅིག་ དགོངས་ཞུ་འབད་བ་ཅིན་ ཚབ་གསརཔ་ བཙུགས་ནི་ཨིན་རུང་ ད་ལྟོ་ འཐུས་མི་མང་ཤོས་ར་ འདེམས་ཁོངས་ལྟ་སྐོར་ནང་ འགྱོ་བའི་བསྒང་ཨིནམ་ལས་ འཐུས་མི་གསརཔ་ འཐུ་ནི་དེ་ཡང་ ལཱ་ཁག་རྐྱབ་འོང་ཟེར་ཨིན་པས།
བྱ་བའི་གནད་སྤྱོད་ཀྱི་ དགོངས་དོན་༣༡༨ དང་༣༡༩ དང་འཁྲིལཝ་ད་ ཚོགས་ཆུང་གི་ འཐུས་མི་དང་ ཁྲི་འཛིན་ཚུ་ཡང་ བདེན་ཁུངས་ཁ་གསལ་བཀོད་ཐོག་ལས་ ཚོགས་དཔོན་ལུ་ དགོངས་ཞུའི་ཞུ་ཡིག་ཕུལ་ཏེ་ དགོངས་ཞུའི་དབང་ཆ་ཡོད་རུང་ རྩ་ཁྲིམས་ཆེན་མོའི་་དགོངས་དོན་དང་ གཞི་རྩ་དང་བསྟུན་ཏེ་ གཞི་བཙུགས་གྲུབ་པའི་ ཚོགས་ཆུང་ཅིག་ ཧྲམ་གཏང་ནིའི་ དབང་ཆ་དེ་ བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༣༥༤ པ་འཁྲིལཝ་ད་ ཚོགས་ཁང་ལུ་མ་གཏོགས་ གཞན་འཐུས་མི་ཚུ་ལུ་ ཁེ་དབང་མེདཔ་བཞིན་དུ་ ནང་འཁོད་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ཡང་ ཁེ་དབང་མེད་ཟེར་ ཚོགས་དཔོན་གྱིས་ བཀའ་རྒྱའི་ནང་བཀོད་ནུག།
ཁྲི་འཛིན་གྱིས་ བཤད་མིའི་ནང་ མ་གཞི་ ཚོགས་ཆུང་དེ་ ཧྲམ་བཏང་བཏངམ་མེད་རུང་ ཧྲམ་ཟེར་མི་ ཚིག་ལག་ལེན་དེ་ ཚུལ་མཐུན་མ་འགྱོ་བས་ཟེར་ཨིནམ་ད་ ཚོགས་ཆུང་དེ་ ཧྲམ་གཏང་ནི་གི་དབང་ཚད་ འཐུས་མི་ཚུ་མེད་པའི་སྐོར་ལས་ ཁོང་གིས་ ཤེས་ཟེར་ཨིན་པས།
དེ་བསྒང་ ད་ལྟོ་ཡོད་པའི་ ཚོགས་ཆུང་གི་ འཐུས་མི་ཚུ་ དགོངས་ཞུ་འབད་བ་ཅིན་ འཐུས་མི་གསརཔ་ བསྐོ་བཞག་མ་འབད་ཚུན་ ཚོགས་ཆུང་དེ་ མཚམས་འཇོག་ཐོག་ བཞག་ནི་སྦེ་ གྲོས་ཐག་བཅད་ཅི་ཟེར་ ཁྲི་འཛིན་གྱིས་ བཤདཔ་ཨིན་པས།
ཨིན་རུང་ ཚོགས་ཐེངས་༧༡ པའི་ཤུལ་ལུ་ འགོ་འདྲེན་འཐབ་མི་ ཞལ་འཛོམས་ནང་ ནང་འཁོད་ཚོགས་ཆུང་ ཧྲམ་གཏང་ནི་དེ་ བྱ་བའི་གནད་སྤྱོད་ལས་ འགལ་བ་ཨིནམ་སྦེ་ ངོས་ལེན་བྱུང་ཡོདཔ་བཞིན་དུ་ ཞལ་འཛོམས་དེ་གི་ གྲོས་ཆོད་དེ་ཡང་ ཚོགས་དཔོན་ལུ་ ཕུལ་ནི་ཨིན་པས།
ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༧༡ པའི་སྐབས་ འཐུས་མི་ཚུ་གིས་ དྲུང་ཆེན་ཡིག་ཚང་གིས་ ཁོང་ལུ་ རྒྱབ་སྐྱོར་འབད་མ་ཚུགསཔ་ལས་ ཚོགས་ཆུང་ནང་ལས་ དགོངས་ཞུ་འབད་ནི་ཟེར་ སླབ་མི་དེ་ བདེན་ཟེར་ཨིན་པས།
ནང་འཁོད་ཚོགས་ཆུང་དེ་གིས་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་གི་ དཀའ་ངལ་དང་ ཕན་བདེ་ཚུ་ལུ་ བལྟ་དོ་ཡོདཔ་མ་ཚད་ སྦྱོང་བརྡར་དང་ ཞལ་འཛོམས་ ལྟ་སྐོར་ དེ་ལས་ མི་སྟོབས་ཀྱི་ གནད་དོན་ཚུ་ལུ་ཡང་ བལྟ་དོ་ཡོད་མི་གིས་མ་དོ་བར་ འཐུས་མི་ཚུ་ལུ་ སྟབས་མ་བདེཝ་རེ་ཡོད་མི་ཚུ་ཡང་ དྲུང་ཆེན་ཡིག་ཚང་ལུ་ སྙན་ཞུ་འབད་དོ་ཡོདཔ་ཨིན་པས།
འདས་པའི་ཀུན་གསལ་གྱི་ ཐོན་རིམ་ནང་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཅིག་གིས་ ཕྱི་རྒྱལ་ལུ་ ཚར་གཅིག་ཡང་ མ་འགྱོ་ཟེར་ སླབ་མི་དེ་ མི་བདེན་ཟེར་ ནང་འཁོད་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།