༉ རྒྱལ་ཡོངས་ཚོགས་འདུའི་ ནང་འཁོད་ཚོགས་ཆུང་གི་ ཁྲི་འཛིན་དང་ འཐུས་མི་ཚུ་ དགོངས་ཞུ་འབད་ནི་ཨིན་པ་ཅིན་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་དང་ བྱ་བའི་གནད་སྤྱོད་ཀྱི་ དགོངས་དོན་ཚུ་དང་འཁྲིལ་ སྤྱི་ཟླ་༨ པའི་ཚེས་༡༠ ལས་མ་བརྒལ་བར་ ཚོགས་དཔོན་ལུ་ སྙན་ཞུ་ཕུལ་དགོ་ཟེར་ ཁ་ཙ་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ ནང་འཁོད་ཁྲི་འཛིན་ལུ་ ཡིག་ཐོག་ལས་ བཀའ་རྒྱ་གནང་ནུག།
དེ་ཡང་ ནང་འཁོད་ཚོགས་ཆུང་དེ་ ཚོགས་ཁང་གི་ བདག་སྐྱོང་དང་ འཛིན་སྐྱོང་དང་འབྲེལ་བའི་ འགན་ཁུར་མང་རབས་ཅིག་འབག་མི་ ག་ནི་བ་ ཁག་ཆེ་བའི་ ཚོགས་ཆུང་ཅིག་ཨིནམ་ལས་ ཆོགས་ཆུང་འདི་ ད་ལས་ཕར་ འཕྲོ་མཐུད་དེ་ར་ ལཱ་འབད་ནིའི་དོན་ལུ་ བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༣༡༢ པ་དང་འཁྲིལ་ འཐུས་མི་གསརཔ་ བཙག་འཐུ་འབད་ཐབས་ལུ་ཨིན་ཟེར་ བཀོད་གནང་ནུག།
ཚོགས་དཔོན་གྱིས་ དེ་བཟུམ་མའི་ བཀའ་རྒྱ་གནང་མི་དེ་ཡང་ ནང་འཁོད་ཚོགས་ཆུང་གི་ཁྲི་འཛིན་ བཀྲིས་སྒང་མཁའ་གླིང་-ཝམ་རོང་འདེམས་ཁོངས་ཀྱི་འཐུས་མི་ ཀརྨ་བསྟན་འཛིན་གྱིས་ དགོངས་ཞུའི་ཡི་གུ་བཙུགས་མི་དང་བསྟུན་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ ནང་འཁོད་ཚོགས་ཆུང་གི་ ཞལ་འཛོམས་ཐེངས་༧༡ པ་ འཚོགས་པའི་སྐབས་ ནང་འཁོད་ཚོགས་ཆུང་ཧྲམ་གཏང་ནི་སྦེ་ གྲོས་ཆོད་བྱུང་མི་དེ་ ཁྲིམས་མཐུན་ཐོག་ ཆ་འཇོག་མ་འབད་བའི་ཧེ་མ་ལས་ བརྡ་བརྒྱུད་ནང་ལས་ཕར་ ཁྱབ་སྤེལ་འབད་དེ་ རྒྱལ་ཡོངས་ཚོགས་ཁང་གི་ མཚན་སྙན་དང་ ཚོགས་དཔོན་གྱི་ གནས་རིམ་ལུ་ མི་མང་གི་ བློ་གཏད་མེདཔ་བཟོ་བའི་ བྱ་སྤྱོད་ཅིག་ སྒྲིག་མི་ལུ་བརྟེན་ཨིན་པས།
བྱ་བའི་གནད་སྤྱོད་ཀྱི་དགོངས་དོན་༣༡༨ དང་༣༡༩ དང་འཁྲིལཝ་ད་ ཚོགས་ཆུང་གི་ འཐུས་མི་དང་ ཁྲི་འཛིན་ཚུ་ཡང་ བདེན་ཁུངས་ཁ་གསལ་བཀོད་ཐོག་ལས་ ཚོགས་དཔོན་ལུ་ དགོངས་ཞུའི་ཞུ་ཡིག་ཕུལ་ཏེ་ དགོངས་ཞུའི་དབང་ཆ་ཡོད་རུང་ རྩ་ཁྲིམས་ཆེན་མོའི་་དགོངས་དོན་དང་ གཞི་རྩ་དང་བསྟུན་ཏེ་ གཞི་བཙུགས་གྲུབ་པའི་ ཚོགས་ཆུང་ཅིག་ ཧྲམ་གཏང་ནིའི་ དབང་ཆ་འདི་ བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༣༥༤ པ་འཁྲིལཝ་ད་ ཚོགས་ཁང་ལུ་མ་གཏོགས་ གཞན་འཐུས་མི་ཚུ་ལུ་ ཁེ་དབང་མེདཔ་བཞིན་དུ་ ནང་འཁོད་ཚོགས་ཆུང་གི་ འཐུས་མི་ཚུ་ལུ་ཡང་ ཁེ་དབང་མེདཔ་ཨིནམ་ སེམས་ཁར་ངེས་ཟེར་ ཚོགས་དཔོན་གྱིས་ བཀའ་རྒྱའི་ནང་བཀོད་ནུག།
དེ་མ་ཚད་ བྱ་བའི་གནད་སྤྱོད་དོན་ཚན་༣༡༧ པ་དང་འཁྲིལ་བ་ཅིན་ ཚོགས་ཁང་གིས་ གཞི་བཙུགས་འབད་བའི་ ཚོགས་ཆུང་ཚུ་ སྤྱི་ཚོགས་ཀྱི་ གནས་ཡུན་རིང་ལུ་ གནས་དགོཔ་ལས་ ཁྱེད་ ནང་འཁོད་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཁྲིམས་ལུ་མ་གནས་མི་དེ་གིས་ ཚོགས་ཁང་གི་ མཚན་སྙན་དང་ ཚོགས་དཔོན་རང་གི་ གནས་རིམ་ལུ་ གུས་ཞབས་དང་ བརྩི་བཀུར་མེད་པའི་ བརྡ་སྟོན་ཅིག་ཨིན་མས་ཟེར་བཀོད་གནང་ནུག།
དམངས་གཙོའི་རྩ་ཁྲིམས་ཅན་གྱི་ རྒྱལ་པོའི་གཞུང་ལུགས་ཀྱི་ རྒྱལ་ཁབ་འདི་ནང་ རྒྱལ་ཡོངས་ཚོགས་ཁང་དེ་ དབུ་འཕང་མཐོ་བའི་ གཙུག་སྡེ་མཐོ་ཤོས་ཅིག་ཨིནམ་ད་ དེ་ལུ་བརྟེན་པའི་ ཚོགས་ཆུང་གཞི་བཙུགས་འབད་དགོ་མི་དེ་ཡང་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ འཁོད་ཡོད་པའི་ དགོངས་དོན་དང་ གཞི་རྩ་དང་འཁྲིལ་ཨིན་ཟེར་ སྤྱི་ཟླ་༧ པའི་ཚེས་༢༠ ལུ་བཏོན་མི་ བཀའ་རྒྱའི་ནང་བཀོད་ནུག།
ཚོགས་ཆུང་གི་ ལཱ་འགན་ཚུ་ཡང་ བྱ་བའི་གནད་སྤྱོད་ཀྱི་དོན་ཚན་༣༡༡ དང་༣༤༦ ཅན་མའི་ དགོངས་དོན་དང་འཁྲིལཝ་ད་ ཚོགས་ཆུང་ཅིག་ གཞི་བཙུགས་འབད་ཞིནམ་ལས་ ཚོགས་ཆུང་རང་སོའི་འགན་ཚད་ ཡང་ཅིན་ ཚོགས་ཁང་དང་ ཚོགས་དཔོན་གྱི་ བཀོད་ཁྱབ་དང་འཁྲིལ་ ལཱ་འབད་དགོཔ་ཨིནམ་འདི་ འཐུས་མི་ཁྱེད་ཚུ་གིས་ ཤེས་གསལ་ཆེ་ཟེར་ ཚོགས་དཔོན་གྱིས་ བཀོད་གནང་པའི་ཁར་ བྱ་བའི་གནད་སྤྱོད་ཀྱི་ དོན་ཚན་༣༥༧ པ་དང་འཁྲིལཝ་ད་ ནང་འཁོད་ཚོགས་ཆུང་ གཞི་བཙུགས་འབད་དགོ་མི་དེ་ར་ ཚོགས་ཁང་ ཡང་ཅིན་ ཚོགས་དཔོན་གྱིས་བཀོད་པའི་ གནད་དོན་ཚུ་ དང་ལེན་འབད་ཐབས་ལུ་ཨིན་པས།
དེ་མ་ཚད་ རྒྱལ་ཡོངས་ཚོགས་འདུའི་ བཅའ་ཁྲིམས་ཀྱི་དོན་ཚན་༢༦༦ པ་དང་༢༧༥ པ་གཉིས་ཀྱི་ དགོངས་དོན་དང་འཁྲིལཝ་ད་ འཐུས་མི་ཚུ་གིས་ དུས་དང་རྣམ་པ་ཀུན་ཏུ་ བརྩི་བཀུར་དང་ གུས་ཞབས་ལྡན་པའི་ ཀུན་སྤྱོད་གུ་ གནས་དགོ་པའི་ཁར་ ཚོགས་དཔོན་གྱི་ དབང་ཚད་ལུ་ གུས་ཞབས་ཕུལ་དགོཔ་ཨིནམ་ད་ ལྷག་པར་དུ་ རྒྱལ་ཡོངས་ཚོགས་འདུའི་ གཅིག་སྒྲིལ་ལུ་ མི་མང་གིས་ བློ་གཏད་དང་ ཡིད་ཆེས་རྒྱུན་སྐྱོང་དང་ རྩ་བརྟན་བཟོ་ཚུགས་པའི་ སྤྱོད་ལམ་གུ་ གནས་དགོཔ་ཨིན་རུང་ ད་རེས་ ཁྱེད་ཀྱི་བྱ་སྤྱོད་འདི་ ཁྲིམས་ལུགས་དེ་ཚུ་གི་ དགོངས་དོན་དང་ རྒྱབ་འགལ་ཨིནམ་ལས་ ད་ལས་ཕར་ དེ་བཟུམ་གྱི་ བྱ་སྤྱོད་སྒྲིག་ནི་མེདཔ་ སེམས་ལུ་ངེས་ཟེར་ ཚོགས་དཔོན་གྱིས་ བཀོད་གནང་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།