ནང་འཁོད་ཚོགས་ཆུང་གི་ འཐུས་མི་ཚུ་གིས་ ཚོགས་ཆུང་ཧྲམ་གཏང་ནིའི་ གྲོས་ཐག་བཅད་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༤ ལུ་ རྒྱལ་ཡོངས་ཚོགས་འདུའི་ ནང་འཁོད་ཚོགས་ཆུང་གི་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ ཚོགས་ཆུང་ཧྲམ་གཏང་ནིའི་ དུས་ཡུན་མ་རནམ་ལས་ར་ ཧྲམ་གཏང་ནི་སྦེ་ གྲོས་ཐག་བཅད་ནུག།
འཐུས་མི་༡༢ འབད་མི་ ནང་འཁོད་ཚོགས་ཆུང་དེ་ ཚོགས་ཆུང་ཚུ་གི་གྲས་ལས་ མཐོ་ཤོས་ཅིག་ཨིནམ་ད་ ཚོགས་ཆུང་ནང་ ཚོགས་ཆུང་སོ་སོའི་ ཁྲི་འཛིན་ཚུ་ཡང་ ཡོདཔ་ཨིན་པས།
ཚོགས་ཆུང་གི་ དུས་ཡུན་དེ་ ལོ་༥ འི་རིང་ལུ་ཨིནམ་ད་ ཚོགས་ཆུང་གི་ ཁྲི་འཛིན་དེ་ཡང་ ལོ་བསྟར་བཞིན་དུ་ བསྐོར་རྒྱབ་སྦེ་ བསྐོ་བཞག་འབད་དོ་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ ད་ལྟོའི་ཁྲི་འཛིན་ ཝམ་རོང་གི་འཐུས་མི་ ཀརྨ་བསྟན་འཛིན་གྱིས་ དགོངས་ཞུ་འབད་ནི་ལུ་ ཞུ་ཡིག་བཙུགས་མི་ལུ་བརྟེན་ གནད་དོན་ཐོན་ཡོདཔ་བཞིན་དུ་ ཁོ་གི་ དུས་ཡུན་དེ་ཡང་ སྤྱི་ཟླ་༨ པའི་ཚེས་༡༢ ལས་བརྒལ་ མི་རྫོགས་ནི་ཨིན་པས།
ཀརྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཞལ་འཛོམས་ནང་ ཁོ་ར་ མ་སྡོད་ཟེར་ཨིནམ་ད་ ཚོགས་ཆུང་གི་ ཁྲི་འཛིན་དགོངསམ་ཞུ་ནི་དེ་ རང་བཞིན་ཨིནམ་བཞིན་དུ་ རྒྱལ་ཡོངས་ཚོགས་འདུ་གི་ བྱ་བའི་གནད་སྤྱོད་༢༠༡༤ ཅན་མའི་ དོན་ཚན་༣༡༩ པ་དང་༣༢༠ དང་འཁྲིལ་ཏེ་ ཨིན་ཟེར་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གི་ བྱ་བའི་གནད་སྤྱོད་ནང་ ཚོགས་ཆུང་གི་ཁྲི་འཛིན་དེ་ དགོངས་ཞུ་འབད་དགོ་པ་ཅིན་ བདེན་ཁུངས་ཁ་གསལ་བཀོད་དེ་ ཚོགས་དཔོན་ལུ་ དགོངས་ཞུ་གི་ ཞུ་ཡིག་ཕུལ་དགོ་ཟེར་ཨིན་པས།
ཁྲི་འཛིན་དེ་ དགོངས་ཞུ་འབད་བའི་ཤུལ་ལས་ ཚོགས་ཆུང་གི་ འཐུས་མི་ཚུའི་བར་ན་ མོས་མཐུན་ཐོག་ལས་ ཁྲི་འཛིན་གསརཔ་ བཙག་འཐུ་འབད་ཡོད་རུང་ འཐུས་མི་ག་ར་གིས་ ཚོགས་ཆུང་དེ་ ཧྲམ་གཏང་དགོ་པའི་ གྲོས་ཐག་བཅད་ནུག།
ཚོགས་ཆུང་གི་འཐུས་མི་ རྡོ་ཕུག་འབྲུག་པ་གིས་ སླབ་མིའི་ནང་ ཚོགས་ཆུང་ཧྲམ་བཏང་མི་དེ་ཡང་ ཚོགས་ཆུང་དེ་ བསྐྱར་གསོ་འབད་ནི་ཨིནམ་མ་ཚད་ འཐུས་མི་གསརཔ་ བཙུགས་ནིའི་དོན་ལུ་ཡང་ ཨིན་ཟེར་ཨིན་པས།
ཚོགས་ཆུང་ཧྲམ་གཏང་དགོ་པའི་ གྲོས་ཐག་བཅད་མིའི་ གྲོས་གཞི་དེ་ཡང་ ཚོགས་དཔོན་ལུ་ ཕུལ་ནི་ཨིནམ་བཞིན་དུ་ ཚོགས་དཔོན་གྱིས་ ཚོགས་ཆུང་དེ་ ལོག་གཞི་བཙུགས་འབད་ནིའི་སྐོར་ལས་ གསུངས་གནང་པའི་རེ་བ་ ཡོདཔ་ཨིན་པས།
ཚོགས་ཆུང་གི་འཐུས་མི་ རི་ཏུ་རཱཇ་ ཆེ་ཏི་རི་གིས་ སླབ་མིའི་ནང་ ཚོགས་ཆུང་ཧྲམ་གཏང་ནི་ལུ་ རྒྱབ་སྐྱོར་མ་འབད་ཟེར་ཨིནམ་ད་ ཚོགས་ཆུང་ནང་ ལཱ་ལེ་ཤ་འབད་དགོཔ་ཡོདཔ་བཞིན་དུ་ སྤྱི་ཚོགས་ཀྱི་ དུས་ཡུན་ཚང་རནམ་ད་ ཚོགས་ཆུང་དེ་ ག་ཅི་ལུ་བརྟེན་ ཧྲམ་བཏང་ཡོདཔ་ཨིན་ན་ ཁོ་གིས་ ཧ་གོ་མ་ཚུགས་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཚུ་དང་འཁྲིལཝ་ད་ འཐུས་མི་ཚུ་གིས་ ཚོགས་ཆུང་ཧྲམ་བཏང་མི་དེ་ཡང་ ཚོགས་དཔོན་དང་ ཡོངས་ཁྱབ་དྲུང་ཆེན་༢ ཀྱིས་ ཕྱག་ལཱ་མཛད་མི་ལུ་ སེམས་མ་དང་མ་ལྡན་པའི་ཁར་ ཚོགས་དཔོན་དང་ དྲུང་ཆེན་ལུ་ དབུགས་འགམ་བྱུང་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
དེ་མ་ཚད་ ཚོགས་ཆུང་གི་ ཡིག་ཚང་གཞི་བཙུགས་དང་ གྲོས་འཚོགས་གདམ་འཐུ་འབད་མི་ལུ་ འཐུས་མི་ཚུ་ སེམས་དགའ་བར་ ཧྲམ་བཏང་ནུག་ཟེར་ཨིནམ་ད་ སྤྱིར་བཏང་འབད་བ་ཅིན་ ཚོགས་ཆུང་གི་ ཁྲི་འཛིན་ལས་བརྒལ་ བཙག་འཐུ་མི་འབད་དོ་ཡོདཔ་ཨིན་པས།
ནང་འཁོད་ཀྱི་ ཚོགས་ཆུང་གི་འཐུས་མི་ཚུ་གིས་ སྦྱོང་བསྡར་དང་ གྲོས་བསྡུར་ ཤེས་ཡོན་ལྟ་སྐོར་ དེ་ལས་ ཚོགས་འདུ་གི་ མི་སྟོབས་ཀྱི་ ལཱ་ཚུ་ལས་ བཞག་དགོཔ་ཨིན་པས།
ཨིན་རུང་ ཚོགས་དཔོན་འཇིགས་མེད་བཟང་པོ་གིས་ གསུངས་མིའི་ནང་ ཁ་ཙ་ཚུན་ ཚོགས་ཆུང་ཧྲམ་བཏང་ཡོད་པའི་གྲོས་ཆོད་ ག་ནི་ཡང་ མ་ལྷོད་ཟེར་ཨིནམ་ད་ ཚོགས་ཆུང་གི་ ཐོབ་དབང་དེ་ ཁྲི་འཛིན་དང་ ཁྲི་འཛིན་འོགམ་ བཙག་འཐུ་འབད་ནི་རྐྱངམ་གཅིག་ཨིན་ཟེར་ཨིནམ་ད་ འཐུས་མི་ཚུ་གིས་ དེ་བཟུམ་སྦེ་ ཚོགས་ཆུང་ཧྲམ་བཏང་མི་ཆོག་ཟེར་ཨིན་པས།
ཚོགས་ཆུང་གི་ ཁྲི་འཛིན་དེ་ དགོངས་ཞུ་འབད་འགྱོ་བ་ཅིན་ འཐུས་མི་ཚུ་གིས་ ཁྲི་འཛིན་གསརཔ་ བཙག་འཐུ་འབད་དགོ་ཟེར་ ཚོགས་དཔོན་གྱིས་ བཤད་ཅི།
ཚོགས་ཆུང་ནང་ རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་གི་ འཐུས་མི་ཚུ་ཡོདཔ་མ་ཚད་ ལྡོག་ཕྱོགས་ཚོགས་པའི་ འཐུས་མི་ཚུ་ཡང་ཡོདཔ་ད་ ཚོགས་ཆུང་གིས་ ཚོགས་འདུའི་འཐུས་མི་ཚུ་གི་ བདག་སྐྱོང་གི་ གནད་དོན་གཞན་ཚུ་ དྲུང་ཆེན་ལུ་ སྙན་ཞུ་ཕུལ་ནི་ཚུ་ འབད་དགོཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *