ནང་འཁོད་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༡༠༧.༨ ལུ་ ཡར་སེང་སོང་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ ནང་འཁོད་ཚོང་ལམ་ནང་ རྒྱལ་ཁབ་ཀྱི་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ སྐྱིན་འགྲུལ་དངུལ་ཀྲམ་ཐེར་འབུམ་༡༠༧.༨ དེ་ཅིག་ བྱིན་ཡོདཔ་ཨིན་པས།
ཟླཝ་༡༢ ཀྱི་ནང་འཁོད་ལུ་ རྒྱལ་ཁབ་ཀྱི་ ནང་འཁོད་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༡༢ དེ་ཅིག་ ཡར་སེང་སོང་ཡོདཔ་ད་ ན་ཧིང་ སྤྱི་ཟླ་༦ པའི་ནང་ ནང་འཁོད་བུ་ལོན་དེ་ དངུལ་ཀྲམ་ཐེར་འབུམ་༩༥ དེ་ཅིག་ ཡོདཔ་ཨིན་པས།
དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གནས་སྡུད་དང་འཁྲིལ་ཏེ་ཨིནམ་ད་ བུ་ལོན་དེ་ཡང་ རྒྱལ་ཡོངས་ཟུར་ཕོགས་དང་ དགོངས་ཞུ་མ་དངུལ་གྱི་ བུ་ལོན་ལེན་མི་ཚུ་ མ་བརྩིས་བར་ཨིན་པས།
བུ་ལོན་བརྒྱ་ཆ་༢༣ དེ་ཅིག་ སྒྲིང་ཁྱིམ་དང་ བཟོ་སྐྲུན་ དེ་ལས་ དཔལ་འབྱོར་ཡར་དྲག་གཏང་ནིའི་དོན་ལུ་ ལག་ལེན་འཐབ་ཡོདཔ་ད་ སྒྲིང་ཁྱིམ་དང་ བཟོ་སྐྲུན་གྱི་སྐྱིན་འགྲུལ་དེ་ ན་ཧིང་ སྤྱི་ཟླ་༦ པའི་ནང་ དངུལ་ཀྲམ་ཐེར་འབུམ་༢༡.༧ འབད་མི་ལས་ དུས་ཅི་ སྤྱི་ཟླ་༦ པ་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༢༥ ལུ་ ཡར་སེང་སོང་ནུག།
ལོ་དག་པ་ཅིག་གི་ཧེ་མར་ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ མི་ཚུ་ལུ་ བུ་ལོན་བྱིན་མི་ལུ་བརྟེན་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ་མ་ཚད་ ཅ་ཆས་ནང་འདྲེན་ ཡར་སེང་སོང་མི་དེ་གིས་ ཁྱིམ་རྐྱབ་ནི་དང་ སྣུམ་འཁོར་ཉོ་ནིའི་སྐྱིན་འགྲུལ་ བཀག་ཆ་འབད་ནུག།
དཔལ་འབྱོར་གྱི་ མཁས་མཆོག་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྐྱིན་འགྲུལ་ལུ་བརྟེན་ ལཱ་གཡོག་གི་གོ་སྐབས་དང་ ནང་འཁོད་ཀྱི་ ཐོན་སྐྱེད་ཡར་སེང་གཏང་ནིའི་དོན་ལུ་ སྐྱིན་འགྲུལ་ལག་ལེན་འཐབ་པ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ལྷན་ཐབས་འབྱུང་འོང་ཟེར་ཨིན་པས།
དེ་འབདཝ་ལས་ དབང་འཛིན་དང་ གཞུང་གིས་ དཔལ་འབྱོར་ལྷན་ཐབས་འཆར་གཞི་དང་ སྐྱིན་འགྲུལ་གཙོ་རིམ་ལས་སྡེ་ ཚོང་འབྲེལ་གཞི་བཙུགས་ཚུ་ མང་རབས་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཨིན་རུང་ ཁྱིམ་གྱི་སྐྱིན་འགྲུལ་དེ་ མཐོ་ཤོས་ཅིག་ཨིནམ་ད་ ལྟ་བཤལ་དང་ཞབས་ཏོག་ཚུ་ནང་ ན་ཧིང་ སྤྱི་ཟླ་༦ པའི་ནང་ དངུལ་ཀྲམ་ཐེར་འབུམ་༢༠ འབད་མི་ལས་ དུས་ཅི་ སྤྱི་ཟླ་༦ པའི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༢༥ ལུ་ ཡར་སེང་སོང་ནུག།
བཟོ་གྲྭ་ཁང་གི་དོན་ལུ་ སྐྱིན་འགྲུལ་གྱི་ཚད་གཞི་དེ་ དངུལ་ཀྲམ་ཐེར་འབུམ་༡༢.༧ ལས་ ཐེར་འབུམ་༡༣ ལུ་ ཡར་སེང་སོང་ཡོདཔ་བཞིན་དུ་ ཚོང་འབྲེལ་གྱི་ སྐྱིན་འགྲུལ་དེ་ཡང་ དངུལ་ཀྲམ་ཐེར་འབུམ་༡ དེ་ཅིག་ ཡར་སེང་སོང་ཡོདཔ་ཨིན་པས།
དེ་མ་ཚད་ མི་ཚུ་གིས་ སྣུམ་འཁོར་ཉོ་ནིའི་དོན་ལུ་ ན་ཧིང་ སྤྱི་ཟླ་༦ པའི་ནང་ དངུལ་ཀྲམ་ཐེར་འབུམ་༥ འབད་མི་ལས་ ཟླཝ་༡༢ ཀྱི་ནང་འཁོད་ལུ་ དངུལ་ཀྲམ་ཐེར་འབུམ་༡.༥ དེ་ཅིག་ ཡར་སེང་སོང་ནུག།
མ་གཞི་ སོ་ནམ་གྱི་དོན་ལུ་ ལཱ་གཡོག་མངམ་ཡོད་རུང་ སྐྱིན་འགྲུལ་དེ་ དངུལ་ཀྲམ་ཐེར་འབུམ་༥.༧ ལས་ བརྒལ་མེད་མི་དེ་ཡང་ ན་ཧིང་ སྤྱི་ཟླ་༦ པའི་ནང་ དངུལ་ཀྲམ་ཐེར་འབུམ་༥.༡ ཡོད་མི་ལས་ ད་རེས་ དངུལ་ཀྲམ་ཐེར་འབུམ་༥.༧ དེ་ཅིག་ ཡར་སོང་ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *