ནང་འཁོད་ཐོན་སྐྱེད་ རང་ལྡང་འགྱོ་བའི་བརྡ་མཚོན།

༉ ད་རེས་ནངས་པར་ ཐིམ་ཕུག་བརྒྱ་འཁོར་སོ་ནམ་པའི་ ཚོད་བསྲེ་ཁྲོམ་ཁར་ ཨེ་མ་གསརཔ་བཙོང་མི་ ལེ་ཤ་ཐོན་ཡོདཔ་མ་ཚད་ གོང་ཚད་ཡང་ རན་ཏོག་ཏོ་སྦེ་ བཙོང་མི་ལུ་ བལྟ་བ་ཅིན་ ན་ཧིང་ གནམ་དགུན་ལས་ ཨེ་མ་འཛུགས་སྐྱོང་འབད་བཅུག་མི་དེ་ མཐར་འཁྱོལ་བྱུང་པའི་ བརྡ་མཚོན་ཅིག་ཨིན་མས།
ཨེ་མ་གསརཔ་ཚུ་ཡང་ མང་ཤོས་ར་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་ རྩི་རང་ དར་དཀར་ནང་ གསར་སྤང་རྫོང་ཁག་ཚུ་ལས་ ཐོན་སྐྱེད་འབད་མི་ཚུ་ཨིནམ་ད་ འབྲུག་ལས་ཐོན་སྐྱེད་འབད་མི་ ཨེ་མ་ཚུ་གིས་ རྒྱལ་ས་ལྟེ་བ་ཁྲོམ་ནང་ སྡོད་མི་ཚུ་གི་ མཁོ་འདོད་སྒྲུབ་ཚུགས་དོ་ཡོདཔ་ཨིན་མས།
འབྲུག་མི་ཚུ་གི་དོན་ལུ་ ཚོད་བསྲེ་ཚུ་གི་གྲས་ལས་ ཨེ་མ་དེ་ གདམ་ཁ་དང་པ་ཨིནམ་ལས་ ན་ཧིང་ སྤྱི་ཟླ་༧ པའི་ནང་ སོ་ནམ་ལྷན་ཁག་གིས་ རྒྱ་གར་ལས་ ཨེ་མ་ནང་འདྲེན་བཀག་དམ་མ་འབད་ཚུན་ཚོད་ ནང་འཁོད་ལས་ ཨེ་མ་དེམ་ཅིག་ ཐོན་སྐྱེད་འབད་ནི་མེདཔ་མ་ཚད་ གནམ་་དགུན་གྱི་སྐབས་ལུ་ཡང་ སོ་ནམ་པ་ཚུ་གིས་ ཨེ་མ་འཛུགས་སྐྱོང་རྒྱ་ཆེཝ་སྦེ་ འབད་ནི་མེདཔ་ཨིན།
འབྲུག་ཚོང་འབྲེལ་རྩིས་དཔྱད་༢༠༡༦ ཅན་མ་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱིས་ རྒྱ་གར་ལས་ དངུལ་ཀྲམ་ས་ཡ་༥༩.༠༠༣ དེ་ཅིག་གནས་པའི་ ཨེ་མ་གསརཔ་ མེ་ཊིག་ཊཱོན་༡,༨༤༦ ནང་འདྲེན་འབད་ཡོདཔ་མ་ཚད་ སོ་ནམ་ལྷན་ཁག་གི་ གནས་ཐོ་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༧ ཟླ་༡ པ་དང་༣ པའི་བར་ན་ དངུལ་ཀྲམ་ས་ཡ་༤.༡༤༧ དེ་ཅིག་གི་ ཨེ་མ་གསརཔ་ མེ་ཊིག་ཊཱོན་༡༥༧.༨༩ ནང་འདྲེན་འབད་ནུག།
དེ་གིས་མ་དོ་བར་ ཨེ་མ་དཀོན་པའི་ དུས་ཚོད་ནང་ མཁོ་འདོད་བསྒྲུབ་ཐབས་ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ཚེས་༦ དང་ སྤྱི་ལོ་༢༠༡༧ ཟླ་༤ པའི་ཚེས་༧ གྱི་བར་ན་ རྒྱ་གར་ལས་ ཨེ་མ་མེ་ཊིག་ཊཱོན་༢༢༣.༠༥ འབདཝ་ད་ དངུལ་ཀྲམ་ས་ཡ་༥.༥༧༠ དེ་ཅིག་ ནང་འདྲེན་འབད་ནུག།
སོ་ནམ་ལྷན་ཁག་གིས་ ན་ཧིང་ལས་ གནས་སྐབས་ཅིག་ རྒྱ་གར་ལས་ ཨེ་མ་ནང་འདྲེན་འབད་ནི་ བཀག་དམ་འབད་བའི་ཤུལ་ལུ་ ཨེ་མའི་གོང་ཚད་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༠༠ དང་༨༠༠ གི་བར་ན་ ཡར་འཛེགས་ཡོདཔ་མ་ཚད་ ཚོད་བསྲེ་ཚོང་པ་ལེ་ཤ་ཅིག་གིས་ ཁྲིམས་འགལ་ཐོག་ ཨེ་མ་ནང་འདྲེན་འབད་མི་ལུ་བརྟེན་ འབྲུག་སོ་ནམ་དང་ ཟ་ཆས་དབང་འཛིན་གྱིས་ འཕྱོག་བཟུང་འབད་དེ་ ཉེས་བྱ་ཚུ་ཡང་བཀལ་ནུག།
རྒྱལ་ཁབ་ནང་ ཨེ་མའི་མཐཁོ་འདོད་བསྒྲུབ་ཐབས་ལུ་ སོ་ནམ་པ་ཚུ་ལུ་ གནམ་དགུན་གྱི་ ཨེ་མ་འཛུགས་སྐྱོང་འབད་དགོ་པའི་ བརྩོན་ཤུགས་བསྐྱེད་ཡོདཔ་མ་ཚད་ རྫོང་ཁག་དང་ རྒེད་འོག་ དེ་ལས་ ཁེ་ཕན་སྤྱོད་མི་ཚུ་གིས་ཡང་ ནང་འཁོད་ཀྱི་ ཚོད་བསྲེ་དང་ ཨེ་མ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཆིངས་ཡིག་གུ་ མིང་རྟགས་བཀོད་ཡོདཔ་བཞིན་དུ་ སོ་ནམ་ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༧ ཟླ་༦ པའི་ནང་ སོ་ནམ་ཞིབ་འཚོལ་དང་ རྫོང་ཁག་བདག་སྐྱོང་ཚུ་དང་ མཉམ་འབྲེལ་ཐོག་ གནམ་དགུན་ལུ་ ཨེ་མ་ཐོན་སྐྱེད་འབད་དེ་ ཚོང་འབྲེལ་འཐབ་ནི་གི་ འཆར་གཞི་བརྩམས་ནུག།
ད་རུང་ ལྷན་ཁག་གིས་ སོ་ནམ་པ་ཚུ་ལུ་ སྤུས་ཚད་ཅན་གྱི་ སོན་བཀྲམ་སྤེལ་འབད་ནི་དང་ ཞིང་ཆུའི་མཐུན་རྐྱེན་ཚུ་ མཁོ་སྤྲོད་འབད་ཐབས་ལུ་ དངུལ་ཀྲམ་ས་ཡ་༢༡.༥༨༨ ཟད་འགྲོ་བཏང་མི་དེ་ ཆུད་ཟད་མ་འགྱོ་བས།
མ་གཞི་ ཨེ་མ་འཛུགས་སྐྱོང་དང་ ཐོན་སྐྱེད་འབད་ནི་ལུ་ ཆར་ཆུ་དང་ ཞིང་ཆུ་ དེ་ལས་ གནམ་གཤིས་གནས་སྟངས་ཀྱི་ གདོང་ལེན་ཚུ་ཡོད་རུང་ སོ་ནམ་པ་ཚུ་གིས་ ཨེ་མ་ལ་སོགས་པའི་ ཚོད་བསྲེའི་རིགས་ ནང་འཁོད་ལས་ བཀྲམ་སྤེལ་འབད་ཚུགས་མི་དེ་ང་བཅས་ར་ དཔའ་ཉམས་བསྐྱེད་དགོ་མི་དེ་ཡང་ ནང་འདྲེན་མར་འབབ་དང་ ནང་འཁོད་ཐོན་སྐྱེད་ཡར་སེང་འགྱོཝ་མ་ཚད་ རྒྱལ་ཁབ་ནང་ལས་ ཏི་རུ་ཕྱི་ཁར་འགྱོ་ནི་དེ་ཡང་ མར་འབབ་འགྱོ་མི་དེ་གིས་ དཔལ་འབྱོར་ལུ་ ཁེ་ཕན་བྱུང་སྟེ་ཡོདཔ་ཨིན།
ད་ཚུན་གྱི་བར་ན་ ནང་འཁོད་ལས་ཐོན་མི་ སྒོང་རྡོག་ལུ་བརྟེན་ ནང་འདྲེན་འབད་མ་དགོཔ་ ཐོན་ཡོདཔ་མ་ཚད་ ཨེ་མ་ཡང་ ཕྱིའི་རྒྱལ་ཁབ་ལུ་ བརྟེན་མ་དགོཔ་ ཐོན་མི་དེ་གིས་ རང་འཚོ་རང་ལྡང་འགྱོ་བའི་ བརྡ་མཚོན་ཨིནམ་བཞིན་དུ་ ཚོད་བསྲེའི་རིགས་གཞན་དང་ ཤིང་འབྲས་ཚུ་ཡང་ རང་ལྡང་བཟོ་ནི་གི་ གཙོ་རིམ་བཟུང་དགོཔ་འདུག།

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *