ནང་པའི་མཐོ་རིམ་སློབ་གྲྭ་ཚུ་ལས་ མཐར་འཁྱོལ་མི་ཚུ་གིས་ རྒྱལ་ཡོངས་ཚོགས་སྡེ་ནང་ བཅའ་མར་གཏོགས་མི་ཆོག་ནི།

ནང་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ནང་ལས་ མཐར་འཁྱོལ་མི་ཚུ་གིས་ སྤྱི་ཚོགས་གསུམ་པའི་རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ནང་ བཅའ་མར་གཏོགས་མི་ཆོག་ཨིན་པས།

འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ དང་འདོད་ཅན་གྱི་ རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་དེ་ ནང་པའི་ཤེས་ཚད་ཡོད་པ་ཅིན་ ཤེས་རིག་གི་ལག་ཁྱེར་དེ་ར་ ངོ་སྦྱོར་མི་འབད་ཟེར་ཨིནམ་ད་ ལག་ཁྱེར་ངོ་སྦྱོར་འབད་མ་ཚུགས་པ་ཅིན་ བཙག་འཐུ་ནང་བཅའ་མར་གཏོགས་ནིའི་ གོ་སྐབས་མེདཔ་ཨིན་པས།

ནང་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ མཐོ་རིམ་སློབ་གྲྭ་ དཔེ་འབད་བ་ཅིན་ རྟ་མགོ་ཆེས་མཐོ་རིག་པའི་སློབ་གྲྭ་དང་ སྒང་སྟེང་བཤད་གྲྭ་ དེ་ལས་ བཤད་གྲྭ་གཞན་ལས་ མཐར་འཁྱོལ་མི་ཚུ་ཡོདཔ་མ་ཚད་ ཕྱིའི་རྒྱལ་ཁབ་ཀྱི་ ནང་པའི་གཙུག་ལག་སློབ་སྡེ་ དཔེ་འབད་བ་ཅིན་ རྒྱ་གར་ མཱའི་སུར་བཤད་གྲྭ་དང་ ཝ་ར་ན་སི་ དེ་ལས་ ནེ་པཱལ་རྒྱལ་ཁབ་ལ་སོགས་པའི་ ནང་པའི་གཙུག་ལག་སློབ་སྡེ་ལས་ ལག་ཁྱེར་ཡོད་མི་ཚུ་གིས་ བཙག་འཐུ་ནང་ བཅའ་མར་གཏོགས་མི་ཆོག་ནི་ཨིན་པས།

ནང་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཟེར་བའི་སྐབས་ ལེགས་སྦྱར་ལྷའི་སྐད་ སཾ་ཀྲི་ཏ་གི་ སྐད་ཡིག་ཡོད་པའི་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་སྡེ་ཚུ་ཡང་ དེའི་གྲངས་སུ་ཚུད་ནི་ཨིནམ་ལས་ ཁོ་གིས་ཡང་ བཙག་འཐུ་ནང་བཅའ་མར་གཏོགས་མི་ཆོག་ཟེར་ཨིན་པས།

ལྷན་ཚོགས་ཀྱི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནང་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཚུ་ལས་ མཐར་འཁྱོལ་མི་ཚུ་ལུ་ བཙག་འཐུ་ནང་བཅའ་མར་གཏོགས་མ་ཆོག་མི་དེ་ བཙག་འཐུའི་བཅའ་ཁྲིམས་ནང་ ཆོས་སྡེ་དེ་སྲིད་ལས་ཐ་དད་ཨིན་ཟེར་ཡོད་མི་དེ་ ངོས་ལེན་འབད་དགོ་ཟེར་ཨིན་པས།

བཅའ་ཁྲིམས་དང་འཁྲིལ་བ་ཅིན་ ཆོས་སྒོར་ཞུགས་མི་སྦེ་ ངོ་སྦྱོར་/ཐོ་བཀོད་གྲུབ་མི་འཐུས་མི་ཚུ་གིས་ སྲིད་དོན་ཚོགས་པ་ཅིག་ནང་འཛུལ་བ་ ཡང་ན་ བཙག་འཐུའི་རིམ་པ་ནང་གྲལ་གཏོགས་འབད་དེ་ སྲིད་དོན་ཚོགས་པ་ ཡང་ན་ འདེམས་ངོ་ཅིག་གི་ཁེ་ཕན་ལུ་དམིགས་ཏེ་ ཁོང་རའི་རྒྱུད་སྐུལ་གྱི་ ནུས་ཤུགས་ཉེར་སྤྱོད་མ་འཐབ་པར་ སྲིད་དོན་གྱི་གནས་རིམ་ལས་ ཁྱད་འཕགས་ཐོག་ བཞུགས་དགོ་ཟེར་ཨིན་པས།

བཙག་འཐུའི་འགོ་དཔོན་ཚུ་གིས་འབད་བ་ཅིན་ ནང་པའི་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་སྡེ་ཚུ་ལས་ ཤེས་ཡོན་སྦྱང་པའི་སྐབས་ཡང་ སངས་རྒྱས་ཀྱི་ན་བཟའ་བཞེས་ནི་དེ་གིས་ ཆོས་སྒོར་ཞུགསཔ་ཨིན་པའི་ གོ་བ་ལེན་དོ་ཟེར་ཨིནམ་ད་ སངས་རྒྱས་ཀྱི་ན་བཟའ་བཞེས་མི་ཚུ་ ཚོགས་རྒྱན་བཙུགས་མི་སྦེ་ ཐོ་བཀོད་འབད་མི་ཐོན་རུང་ ཆ་མེད་གཏང་དོ་ཡོདཔ་ཨིན་པས།

ཨིན་རུང་ ལ་ལོ་ ཆོས་སྒོར་ཞུགས་མི་མེནམ་མ་ཚད་ ཆོས་སྡེ་གང་རུང་ཅིག་དང་གཅིག་ཁར་ ཐོ་བཀོད་མེད་རུང་ སངས་རྒྱས་ན་བཟའ་ དཔེ་འབད་བ་ཅིན་ དགེ་སློང་དང་སྒོམ་ཆེན་གྱི་ རྣམ་པ་བཟོ་མི་ཡོདཔ་ལས་ དེ་ཚུ་ བརྟག་ཞིབ་འབད་དེ་ ཚོགས་རྒྱན་བཙུགས་ནིའི་གོ་སྐབས་བྱིན་དོ་ཟེར་ བཙག་འཐུའི་འགོ་དཔོན་ཚུ་གིས་བཤད་ཅི།

འདས་པའི་བདུན་ཕྲག་ནང་ ནང་པའི་མཐོ་རིམ་སློབ་གྲྭ་ཅིག་ལས་ མཐར་འཁྱོལ་མི་ཅིག་ བཙག་འཐུ་ནང་ བཅའ་མར་གཏོགས་ནིའི་དོན་ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ལས་ འབྲེལ་ཡོད་ཡིག་ཆ་ལེན་པར་འོང་བའི་སྐབས་ མ་ཐོབ་ནི་དེ་གིས་ དབུགས་འགམ་ཡོདཔ་ཨིན་པས།

ནང་པའི་མཐོ་རིམ་སློབ་གྲྭ་དང་གཙུག་ལག་སློབ་སྡེ་ནང་ ཆོས་འབྲེལ་ལམ་ལུགས་ ཆོ་ག་ཕྱག་ལེན་མེན་པ་ ནང་པའི་གཞུང་དང་རིག་གནས་ལ་སོགས་པའི་ ནང་པའི་ཤེས་ཡོན་སྦྱང་མི་ཨིནམ་ལས་ དེ་ཚུ་ ཆོས་སྒོར་ཞུགས་མི་ཨིནམ་ ག་དེ་སྦེ་ གོ་བ་ལེན་ནི་ཨིན་ན་ ཁ་གསལ་སྦེ་ མེདཔ་ཨིན་པས།

ནང་པའི་མཐོ་རིམ་སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ལས་ མཐར་འཁྱོལ་མི་ཚུ་ ད་རེས་ནངས་པར་ གཞུང་གི་ལས་སྡེ་ཚུ་ནང་ ཞི་གཡོགཔ་སྦེ་ཕྱག་ཞུ་མི་ཚུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ ངོས་ལེན་འབད་མི་ཚུ་ཨིནམ་ད་ ཁོང་མང་ཤོས་ཅིག་ ཤེས་རིག་ལྷན་ཁག་ནང་ སློབ་དཔོན་སྦེ་ཡང་ ཕྱག་ཞུ་དོ་ཡོདཔ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *