བུམ་ཐང་ལུ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་ལས་རིམ་ནང་ གྲལ་གཏོགས་འབད་མི་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་དང་གཅིག་ཁར་ ལྷན་བཞུགས་གནང་པའི་བསྒང་། །

ནང་ཁ་ནང་འགྲིགས་ཀྱི་ ལམ་ལུགས་ལུ་བརྟེན་ དྲང་ཁྲིམས་སྤྱོད་ནིའི་དབང་ཆ་ འཐོབ་ཚུགས་ནི།

༉ དམངས་གཙོའི་རིང་ལུགས་ལུ་བརྟེན་ སྲིད་ཀྱི་དབང་ཆ་ མི་སེར་གྱིས་ ཐོབ་དོ་བཟུམ་སྦེ་ ནང་ཁ་ནང་འགྲིགས་ཀྱི་ ལམ་ལུགས་ལུ་བརྟེན་ དྲང་ཁྲིམས་སྤྱོད་ནིའི་དབང་ཆ་དེ་ཡང་ མི་སེར་གྱིས་ ཐོབ་ཨིན་ཟེར་ཨིན་པས།

དེ་ཡང་ ཁ་ཙ་ བུམ་ཐང་ བླ་མའི་དགོན་པ་ལུ་སྦེ་ རྫོང་ཁག་༡༠ གྱི་ རྒཔོ་དང་ སྦྱོང་བརྡར་ཐེངས་དང་པའི་སྐབས་ ཆད་ལུས་མི་ རྒཔོ་ཚུ་གི་དོན་ལུ་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་ལས་རིམ་ འགོ་འབྱེད་སྐབས་ འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་གཙོ་འཛིན་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆོན་དབང་ཕྱུག་མཆོག་གིས་ གསུངས་གནང་ཡི།
མི་དབང་རྒྱལ་པོའི་སྲསམོ་མཆོག་གིས་ གསུངས་མིའི་ནང་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་ མི་སེར་གྱིས་ བློ་གཏད་ཐོག་ལས་ བཙག་འཐུ་གྲུབ་ཡོད་མི་དང་བསྟུན་ འགན་ཁུར་དེ་ཡང་ མི་སེར་གྱི་ རེ་འདོད་འགྲུབ་ནི་དེ་ཨིནམ་ལས་ མི་སེར་ལུ་ ཞབས་ཏོག་ཕུལ་བའི་སྐབས་ འདྲ་མཉམ་ཐོག་ལུ་ འབད་དགོཔ་དེ་ ཁག་ཆེ་ཟེར་གསུངས་ཡི།
དེ་བཟུམ་སྦེ་ ཞབས་ཏོག་ཚུ་ ཕུལ་བའི་སྐབས་ མི་མང་ཞབས་ཏོག་གི་གཞི་རྩ་ ཀུན་སྤྱོད་རྣམ་གཞག་ལུ་ གཙོ་བོར་བཏོན་དགོཔ་དེ་ཡང་ ལྷག་པར་དུ་ ཁག་ཆེ་ནི་དང་ ས་གནས་གཞུང་གི་ གཙུག་སྡེ་དེ་ མི་མང་གིས་ ཡིད་ཆེས་དང་རེ་བ་བསྐྱེད་སའི་ གཙུག་སྡེ་ཅིག་ ཨིན་ཟེར་ཨིན་པས།
ནང་ཁ་ནང་འགྲིགས་ཀྱི་ དམིགས་ཡུལ་དེ་ མི་སྡེ་ནང་ ཞི་བདེ་དང་ མཐུན་ལམ་ཐོག་ལས་ སྡོད་ཚུགསཔ་བཟོ་ནི་དེ་ཨིནམ་ལས་ དམིགས་ཡུལ་འགྲུབ་ནིའི་དོན་ལུ་ ཐབས་ཤེས་བཏོན་དགོ་པའི་འགན་ཁུར་ ང་བཅས་ག་ར་ལུ་ ཕོགཔ་ཨིན་ཟེར་ བཀའ་བསྐུལ་གནང་ཡི།
མི་དབང་རྒྱལ་པོའི་སྲསམོ་གིས་ གསུངས་མིའི་ནང་ ད་ལྟོ་ཚུན་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སྦྱོང་བརྡར་ལས་རིམ་ ཐོབ་མི་དང་འཁྲིལ་ གྲུབ་འབྲས་ཚུ་ཡང་ ལེགས་ཤོམ་བཏོན་ཡོད་མི་ལུ་ལྟ་སྟེ་ ཐུགས་ངལ་རངས་ཡོད་ཟེར་ཨིན་པས།
འབྲུག་རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ ཡོངས་ཁྱབ་མདོ་ཆེན་ པདྨ་དབང་ཕྱུག་གིས་ བཤད་མིའི་ནང་ ད་ལྟོ་ཚུན་ ས་གནས་གཞུང་གི་ འགོ་ཁྲིདཔ་མང་ཤོས་ཅིག་ལུ་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་ཚུ་ བྱིན་ཚར་ཡོདཔ་བཞིན་དུ་ ད་རེས་ མཇུག་ཨིན་ཟེར་ཨིན་པས།
ད་རེས་ཀྱི་ སྦྱོང་བརྡར་ལས་རིམ་དེ་ཡང་ རྫོང་ཁག་༡༠ ལས་དང་ སྦྱོང་བརྡར་ལས་རིམ་དང་པའི་ནང་ ཆད་ལུས་མི་ རྒཔོ་༩༡ གིས་ བཅས་མར་གཏོགས་དོ་ཡོདཔ་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་དང་ ཁྲི་འཛིན་འོག་མ་ཚུ་ ཟླཝ་འདི་གི་སྔ་ཆ་ལུ་ ཐིམ་ཕུག་ལུ་སྦེ་ སྦྱོང་བརྡར་བྱིན་ཡོདཔ་ད་ རྫོང་ཁག་གཞན་གྱི་རྒཔོ་༩ གི་རྒཔོ་ཚུ་ལུ་ བསམ་རྩེ་ལུ་སྦེ་ སྦྱོང་བརྡར་བྱིན་ཡི་ཟེར་ཨིན་པས།
རྒཔོ་དང་ དམངས་མི་ དེ་ལས་ ཚོགས་པ་ ག་ར་ལུ་ སྦྱོང་བརྡར་དེ་ བྱིན་ཚར་ཡོདཔ་ཨིན་པས།
ས་གནས་གཞུང་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ལུང་བསྟན་རྡོ་རྗེ་གིས་ སླབ་མིའི་ནང་ མི་དབང་རྒྱལ་པོའི་སྲསམོ་མཆོག་གི་ དབུ་ཁྲིད་བཟང་པོའི་འོག་ལུ་ གཙུག་སྡེ་གིས་ སྤྱི་ལོ་༢༠༡༢ ལུ་ ས་གནས་གཞུང་དང་པའི་ འགོ་ཁྲིདཔ་ཚུ་ལས་འགོ་བཙུགས་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་ཚུ་ གནང་བཞིན་དུ་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྤྱོང་བརྡར་དེ་ དམངས་མི་དང་ ཚོགས་པ་ དེ་ལས་ རྒེད་འོག་བདག་སྐྱོང་ཚུ་ལུ་མ་གཏོགས་ མ་གནངམ་ཨིན་རུང་ ད་ལས་ཕར་ རྒཔོ་ཚུ་ལུ་ཡང་ གནང་མི་ལུ་ བཀའ་དྲིན་ཆེ་ཟེར་ཨིན་པས།
ཁོ་གིས་ ད་ཚུན་གྱི་ ནང་ཁ་ནང་འགྲིགས་ཀྱི་ སྦྱོང་བརྡར་ལུ་བརྟེན་པའི་ གྲུབ་འབྲས་ཀྱི་སྐོར་ལས་ གསལ་ཞུ་འབད་བའི་སྐབས་ ནང་ཁ་ནང་འགྲིགས་སྦྱོང་བརྡར་ལྟ་ཞིབ་སྙན་ཞུ་༢༠༡༦ ཅན་མ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༢ ལས་འགོ་བཙུགས་༢༠༡༦ ཚུན་ བསྡོམས་ཀྱིས་རྩོད་དོན་༣༦,༢༥༠ ཐོན་ས་ལས་༡༥,༣༡༦ ནང་ཁ་ནང་འགྲིགས་ འབད་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྩོད་དོན་༢༠,༩༣༤ ཁྲིམས་འདུན་ལུ་ བཏང་ནུག་ཟེར་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྩོད་དོན་ཚུ་གི་གྲས་ལས་ མཐོ་ཤོས་ར་ མོང་སྒར་རྫོང་ཁག་ནང་༤,༢༣༨ འབད་མི་དེ་ཨིནམ་ད་ དེ་གི་འོག་ལས་ ཐིམ་ཕུག་ལུ་༣,༩༢༢ དེ་ལས་ སྤ་རོ་ལུ་༣,༦༢༣ ཐོན་ནུག་ཟེར་ཨིན་པས།
རྩོད་དོན་གྱི་ རང་བཞིན་གྱི་ཐད་ལུ་ཡང་ མཐོ་ཤོས་དེ་ དངུལ་འབྲེལ་གྱི་རྩོད་དོན་༡༡,༧༩༡ དང་ དེ་གི་འོག་ལས་ར་ གཉེན་འབྲེལ་གྱི་རྩོད་དོན་༥,༥༡༢ དེ་ལས་ ས་ཆའི་ས་མཚམས་དང་འབྲེལ་བའི་ གནད་དོན་༡,༥༡༤ ཐོན་ནུག་ཟེར་ཨིན་པས།
ཁ་ཙ་ལས་ འགོ་བཙུགས་མི་ ནང་ཁ་ནང་འགྲིགས་ཀྱི་ སྤྱོང་བརྡར་ལས་རིམ་དེ་ སྤྱི་ཟླ་འདི་གི་ཚེས་༢༧ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ ཉི་མ་དབང་འདུས།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *