༉ ལོ་ངོ་བཅུ་ཕྲག་༢ དེ་ཅིག་གི་རིང་ ཀརྨ་བསོད་ནམས་ཀྱིས་ ནང་ཁ་ནང་འགྲིག་གི་ལཱ་འབད་ཡོད་རུང་ ཚུལ་མཐུན་ཐོག་ལས་ མ་འབདཝ་བཟུམ་གྱི་ ཚོར་སྣང་བྱུང་ཡོདཔ་ཨིན་པས།
ཁོ་གིས་ འདས་པའི་ཉིནམ་༢ ཀྱི་རིང་ རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་དང་ རྒྱབ་མི་ཚོགས་སྡེ་གཉིས་ཀྱིས་ མཉམ་རུབ་ཐོག་ལས་ ནང་ཁ་ནང་འགྲིག་གི་སྦྱོང་བརྡར་ འགོ་འདྲེན་འཐབ་པའི་སྐབས་ ཁོ་གིས་ ཁོ་རའི་ལཱ་ལུ་ ཁྱད་རིག་གི་ཐོག་ལས་ ཞབས་ཏོག་ཚུ་ ག་དེ་སྦེ་ བྱིན་ཚུགས་གའི་ སྦྱང་བ་འབད་ཡོད་པའི་ཁར་ ནང་འགྲིག་དང་འབྲེལ་བའི་ རྩོད་གཞི་ཚུ་ལྷོདཔ་ད་ ག་དེ་སྦེ་ ངོས་ལེན་འབད་ནི་ཨིན་ན་ཚུ་ཡང་ ལྷབ་ཡོདཔ་ཨིན་པས།
ཀརྨ་བསོད་ནམས་དེ་ ཐིམ་ཕུག་ལུ་སྦེ་ ཁྲིམས་དོན་གྱི་ཞབས་ཏོག་ཡིག་ཚང་ བཙུགས་སྡོད་མི་ཅིག་ཨིནམ་ད་ ཁོ་གིས་བཤད་མིའི་ནང་ སྦྱོང་བརྡར་ལུ་བརྟེན་ ཡོན་ཏན་གསརཔ་ལེ་ཤ་ཐོབ་ཚུགས་ཅི་ཟེར་ཨིན་པས།
ང་གིས་ ལོ་ངོ་བཅུ་ཕྲག་ལས་བཅད་དེ་ ཁྲིམས་འབྲེལ་གྱི་ལཱ་འབད་རུང་ ད་རེས་ཀྱི་ སྦྱོང་བརྡར་འབདཝ་ད་རྐྱངམ་གཅིག་ ཞབས་ཏོག་ལེན་པར་འོང་མི་ཚུ་གིས་ ག་ཅི་ར་ སླབ་ནི་ཡོདཔ་ཨིན་ན་ཚུ་ལུ་ ལེགས་ཤོམ་སྦེ་ ཉན་དགོཔ་ཨིནམ་ཤེས་ཅི་ཟེར་ཨིན་པས།
ཁོ་གིས་བཤད་མིའི་ནང་ དུས་ཚོད་མང་ཤོས་ར་ ཁྲིམས་འབྲེལ་གྱི་ཞབས་ཏོག་བྱིན་མི་ཚུ་གིས་ རྩོད་གཞི་ཚུ་ལྷོདཔ་ད་ ཁོང་གིས་སླབ་ནི་དེ་ མང་དོ་ཡོད་རུང་ རྩོད་རྩ་དང་ རྩོད་ཟླ་ཚུ་ལུ་ སླབ་ནིའི་གོ་སྐབས་དེ་ ཉུང་ཅིག་སུ་ཅིག་ལས་ བྱིན་ནི་མེད་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ནང་ཁ་ནང་འགྲིག་འབད་མི་ཚུ་གིས་ ཁྱད་རིག་གི་ཐོག་ལས་འབད་བ་ཅིན་ མི་སྡེ་ནང་ དཀའ་ངལ་ཚུ་ བསལ་ཚུགས་ནི་ཨིནམ་ད་ དེ་མིན་ དཀའ་ངལ་སྦོམ་བྱིན་ནི་མས་ཟེར་ཨིན་པས།
འགྲིམ་དཔོན་གོངམ་ བཀྲིས་ཚེ་རིང་གིས་འབད་བ་ཅིན་ སྦྱོང་བརྡར་དེ་ ཁོ་ར་ ཁྲིམས་སྲུང་འགག་སྡེ་ནང་ དུས་རྒྱུན་དུ་ ནང་འགྲིག་དང་འབྲེལ་བའི་ ལཱ་འབད་དགོཔ་ཐོནམ་ད་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ཨིན་པས།
ང་གིས་ དམག་སྡེ་ནང་འཁོད་ལུ་ ནང་འགྲིག་འབད་དགོ་པའི་རྩོད་གཞི་༡༠༠༠ དེ་རེ་ ཐོན་དོ་ཡོད་རུང་ དེ་བཟུམ་མའི་ སྦྱོང་བརྡར་འབད་དེ་མེད་ཟེར་ཨིན་པས།
རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེའི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ སྦྱོང་བརྡར་ལས་རིམ་དེ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ བཀའ་གནངམ་བཞིན་དུ་ འགོ་འདྲེན་འཐབ་ཅི་ཟེར་ཨིན་པས།
གཙུག་སྡེའི་མདོ་ཆེན་ཡོངས་ཁྱབ་ བློ་བཟང་རིག་འཛིན་ཡར་རྒྱས་ཀྱིས་ བཤད་མིའི་ནང་ ནང་ཁག་ནང་འགྲིག་འབད་མི་ཚུ་གིས་ མི་སྡེ་ནང་ མི་མང་ལུ་ཁྲིམས་འབྲེལ་གྱི་ཞབས་ཏོག་བྱིན་ནིའི་ནང་ གཙོ་ཅན་ཅིག་ཨིན་ཟེར་ཨིན་པས།
ཁྲིམས་འབྲེལ་ཞབས་ཏོག་བྱིན་མི་ཚུ་གིས་ ནང་འགྲིག་འབད་ནི་དང་ བདེ་སྒྲིག་འབད་བྱིན་ནི་ དེ་ལས་ ཁྲིམས་འདུན་ལུ་བཙུགས་ནིའི་ ཞུ་ཡིག་ཚུ་བཟོ་ནིའི་ནང་ ཞབས་ཏོག་ཚུ་བྱིན་དོ་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ལ་ལོ་གིས་ སླབ་མིའི་ནང་ འབྲུག་པའི་མི་སྡེ་ ཆུང་ཀུ་ཅིག་ལས་མེདཔ་ལས་ འཕྲལ་འཕྲལ་སྐབས་ འཐོར་གཏམ་ཚུ་ མགྱོགས་དྲགས་སྦེ་ དར་ཁྱབ་སོང་སྟེ་ རྩོད་ཟླ་དང་རྩོད་རྩ་ཚུ་ལུ་ གནོད་པ་བྱུང་དོ་ཡོད་རུང་ ཞབས་ཏོག་བྱིན་མི་ཚུ་གིས་ བཟའ་ཚང་ནང་འཁོད་ལུ་ འཆམ་ཁ་བཟོ་ནི་དེ་ཨིན་ཟེར་ཨིན་པས།
བློ་བཟང་རིག་འཛིན་ཡར་རྒྱས་ཀྱིས་ སླབ་མིའི་ནང་ འཆམ་ཁ་བཟོ་ནི་དང་ ནང་འགྲིག་འབད་མི་ཚུ་ལུ་ ཁྲིམས་འདུན་ལུ་བཙུགས་ཏེ་ ཁྲིམས་བཤེར་འབད་མི་ཚུ་དང་ཕྱདཔ་ད་ ལེ་ཤ་གིས་ ཁེ་ཕན་ཡོད་ཟེར་ཨིན་པའི་ཁར་ ཁྲིམས་འདུན་ལུ་ལྷོདཔ་ད་ རྒྱལ་ཕམ་ཕྱེ་དགོཔ་ཐོནམ་ལས་ དེ་གིས་ མི་སྡེའི་ནང་བདེ་སྐྱིད་མི་འོང་ནི་ཨིན་རུང་ ནང་འགྲིག་འབད་བའི་སྐབས་ རྩ་ཕན་གཉིས་ཆ་ར་ རྒྱལ་ཁ་འཐོབ་དོ་བཟུམ་ཅིག་ཨིན་ཟེར་ཨིན་པས།
ནང་ཁ་ནང་འགྲིག་འབད་བའི་ ལུགས་སྲོལ་ཚུ་ ཡར་དྲག་སོང་སྟེ་ཡོད་རུང་ ཞབས་ཏོག་བྱིན་མི་ཚུ་གིས་ ཁྲིམས་ཀྱི་གཞི་རྩ་ཚུ་ ལེགས་ཤོམ་སྦེ་ཤེས་དགོ་པའི་ ཁྲིམས་ཚུ་ལུ་ འཕྲི་སྣོན་ཚུ་འབད་དོ་ཡོདཔ་ལས་ ཞབས་ཏོག་བྱིན་མི་ཚུ་གིས་འབད་རུང་ རྩ་ཕན་ལུ་ཕན་པའི་ཐོག་ལས་ ནང་འགྲིག་འབད་ནི་དེ་ གལ་ཆེ་ཟེར་ཨིན་པས།
དེ་འབདཝ་ལས་ སྦྱོང་བརྡར་དེ་ཡང་ ནང་འགྲིག་གི་ཞབས་ཏོག་བྱིན་མི་ཚུ་གིས་ ལམ་ལུགས་གསརཔ་དང་འཁྲིལ་ཏེ་ ཞབས་ཏོག་བྱིན་ཚུགསཔ་བཟོ་ནིའི་དོན་ལུ་ཨིན་ཟེར་བཤད་ཅི།
རྒྱལ་ཡོངས་ཁྲིམས་དོན་གཙུག་སྡེ་གིས་ ནང་ཁ་ནང་འགྲིག་གི་སྦྱོང་བརྡར་དེ་ སྤྱི་ལོ་༢༠༡༢ ལས་ བྱིན་ནི་འགོ་བཙུགས་ཡོདཔ་ད་ ཉིན་གྲངས་༢ ཀྱི་སྦྱོར་བརྡར་དེ་ མི་དབང་རྒྱལ་པོའི་སྲསམོ་ བསོད་ནམས་བདེ་ཆེན་དབང་ཕྱུག་མཆོག་གིས་ བཅའ་མར་གཏོགས་མི་༣༦ ལུ་ ལག་ཁྱེར་ཚུ་གནང་ཐོག་ལས་ མཇུག་བསྡུ་ཡོདཔ་ད་ རྒྱལ་ཁབ་ནང་ ནང་ཁ་ནང་འགྲིག་འབད་མི་༣༣ ཐོ་བཀོད་འབད་དེ་ཡོད་པའི་གནས་ཚུལ།
བཀྲིས་བསྟན་འཛིན།