ནགས་མེ་བསད་ནི་གི་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད།

༉ མེ་རྐྱེན་བསད་མི་ཚུ་གི་ ཉེན་སྲུང་དང་ ནགས་མེ་ཤོར་བའི་སྐབས་ མེ་བསད་ཐངས་ཀྱི་ ཐབས་ལམ་ལེགས་ཤོས་ཅིག་ ལག་ལེན་འཐབ་ནིའི་དོན་ལུ་ སྤྱི་ཟླ་༦ པའི་ཚེས་༡༦ ལུ་ ཐིམ་ཕུག་ལུ་ ནགས་ཚལ་མེ་རྐྱེན་གྱི་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་ཅིག་ ཟིན་བྲིས་འབད་མི་དེ་ གསལ་བཤད་འབད་ནུག།
ནགས་ཚལ་སྲུང་སྐྱོབ་དང་ རྒྱ་སྐྱེད་སྡེ་ཚན་གྱི་ ནགས་ཚལ་གཙོ་འཛིན་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ ལས་སྡེ་ཚུ་གི་བར་ནིའི་ མེ་བསད་མཉམ་འབྲེལ་སྡེ་ཚན་གྱིས་ ཐིམ་ཕུག་ལུ་ ནགས་མེ་ཤོར་བའི་སྐབས་ མེ་བསད་ནི་ལུ་ མཉམ་འབྲེལ་འབད་འོང་ཟེར་ཨིནམ་ད་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་དེ་གིས་ འགན་འཁྲི་དྭངས་གསལ་བཟོ་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ཟེར་ཨིན་པས།
ལས་སྡེ་ཚུ་གི་བར་ན་ མེ་བསད་མཉམ་འབྲེལ་སྡེ་ཚན་ནང་ བསྟན་སྲུང་དམག་སྡེ་དང་ ཁྲུམས་སྲུང་འགག་སྡེ་ ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་ རྐྱེན་ངན་འཛིན་སྐྱོང་ལས་ཁུངས་ དེ་ལས་ ཐིམ་ཕུག་རྫོང་ཁག་དང་ བདེ་སྲུངཔ་ཚུ་ཡོདཔ་ཨིན་པས།
ནགས་ཚལ་དང་ གླིང་ཁ་ཞབས་ཏོག་ལས་ཁུངས་དེ་ སྣ་ཁྲིད་འབད་མི་ ལས་སྡེ་ཅིག་ཨིནམ་ལས་ ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ ལས་སྡེའི་ངོ་ཚབ་ཚུ་ལུ་ གཞི་རྟེན་གྱི་ སྦྱོང་བརྡར་ཚུ་ བྱིན་པའི་ཤུལ་ལས་ ཁོང་གིས་ ཁོང་རའི་ལས་སྡེའི་ མགྱོགས་དྲགས་ངོས་ལེན་སྡེ་ཚན་དང་ མེ་བསད་མི་ཚུ་ལུ་ སྦྱོང་བརྡར་བྱིན་འོང་ཟེར་ཨིན་པས།
མགྱོགས་དྲགས་ངོས་ལེན་སྡེ་ཚན་ཚུ་ཡང་ ནགས་མེ་བྱུང་སའི་ ས་གོ་ཚུ་ནང་ དང་པ་ར་ ཁོང་ལྷོད་དགོཔ་ལས་ དགོས་མཁོའི་ཉེན་སྲུང་ཅ་ཆས་དང་ལྡནམ་སྦེ་ དགོ་ཟེར་ཨིན་རུང་ ད་རེས་ ཅ་ཆས་ག་ནི་ཡང་མེད་པར་ འགྱོཝ་མས་ཟེར་ གཙོ་འཛིན་གྱིས་ བཤད་ཡོདཔ་ཨིན་པས།
མགྱོགས་དྲགས་ངོས་ལེན་སྡེ་ཚན་ནང་ འཐུས་མི་༢༥ ཡོདཔ་ད་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་བཟོ་མི་དེ་ཡང་ མེ་རྐྱེན་ཚུ་ དུས་ཚོད་ཁར་དང་ འཇོན་ཐངས་ཅན་སྦེ་ དང་ལེན་འབད་ནི་དང་ མེ་རྐྱེན་བྱུངམ་ད་ མཐུན་རྐྱེན་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ནི་ལུ་དམིགས་ཏེ་ཨིན་པས།
ཅ་ཆས་ཚུ་ཡང་ ཁ་རས་དང་ ལག་ཤུབས་ ཉེན་སྲུང་མིག་ཤེལ་ ལྕགས་ཞྭམོ་ འཐུང་ཆུ་དམ་སྦྱིས་ བེག་ཆུང་ བྱི་སི་ བརྡ་དོན་ལག་འཛིན་ ཉེན་སྲུང་གི་ ཐགཔ་ལ་སོགས་པ་ཚུ་ དགོཔ་ཨིན་པས།
ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ མེ་རྐྱེན་ག་ཅི་ར་བྱུང་རུང་ སྤྱིར་བཏང་མེ་རྐྱེན་གྱིས་ གནོད་པ་བྱུང་བའི་ ས་ཁོངས་ཚུ་ནང་ ལྷོད་མི་ཚུགས་དོ་ཡོདཔ་ལས་ གནས་ཚད་ལག་ལེན་གྱི་ བྱ་བའི་གནད་སྤྱོད་ནང་ ཟིར་སྐད་དགོས་མཁོ་ཚུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
ཀུན་ལེགས་ཚེ་རིང་གིས་ སླབ་མིའི་ནང་ ནགས་མེ་ཤོར་བའི་ སྙན་ཞུ་ལྷོད་པའི་སྐབས་ མཉམ་འབྲེལ་སྡེ་ཚན་གྱིས་ མགྱོགས་དྲགས་ངོས་ལེན་སྡེ་ཚན་ཚུ་ལུ་ བགོ་བཀྲམ་འབད་དགོ་ཟེར་ཨིནམ་བཞིན་དུ་ སྡེ་ཚན་ཚུ་ དུས་ནམ་ར་འབད་རུང་ གྲ་སྒྲིག་སྦེ་ སྡོད་དགོ་ཟེར་ཨིནམ་ད་ གལ་སྲིད་ ནགས་མེ་དེ་ དུས་ཡུད་ཆུ་ཚོད་ཕྱེ་དེ་ཅིག་ འགོར་བ་ཅིན་ མཉམ་འབྲེལ་སྡེ་ཚན་ལུ་ སྙན་ཞུ་འབད་དགོ་ཟེར་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *