༉ འདས་པའི་ལོ་ཚུ་དང་ཕྱདཔ་ད་ སྤྱི་ལོ་༢༠༡༦ ལུ་ གློག་མེ་ཕྱིར་བཙོང་འབད་མི་ལས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༤.༤ ཐོབ་མི་དེ་ ད་ཚུན་གྱི་བར་ན་ མཐོ་ཤོས་ཅིག་ཨིནམ་ད་ དེ་ནང་ལས་ ཁེ་སང་ངེས་ཏིག་ དངུལ་ཀྲམ་ཐེར་འབུམ་༧.༤ ཨིན་པས།
འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༤.༤ ཐོབ་མི་དེ་ གཞུང་གིས་ གློག་ཤུགས་ཡུ་ནིཊ་༥,༥༦༣.༩༤ རྒྱ་གར་ལུ་ བཙོང་མི་ལུ་བརྟེན་ཨིནམ་ད་ ན་ཧིང་ གློག་མེ་ལས་འགུལ་ཚུ་གིས་ གློག་ཤུགས་ཡོངས་བསྡོམས་ ཡི་ནིཊ་༧,༥༧༣.༨༤ ཐོན་སྐྱེད་འབད་ནུག།
སྤྱི་ལོ་༢༠༡༥ དང་ཕྱདཔ་ད་༢༠༡༦ ལུ་ གློག་ཤུགས་ཡུ་ནིཊ་༧,༥༧༣.༨༤ ཐོན་སྐྱེད་འབད་མི་དེ་ བརྒྱ་ཆ་༢.༣ ཡར་སེང་སོང་ཡོདཔ་ད་ ཡོངས་བསྡོམས་ཡུ་ནིཊ་༧,༥༧༣.༨༤ ལས་༢༠༠༩.༩ དེ་ ནང་འཁོད་ལུ་ སྤྱོད་ནིའི་དོན་ལས་ བཞག་ཡོདཔ་ཨིན་པས།
གཞུང་གི་སྙན་ཞུ་དང་འཁྲིལ་བ་ཅིན་ ལོ་བསྟར་བཞིན་དུ་ གློག་མེའི་ཐོན་སྐྱེད་ ཡར་སེང་འབདཝ་ད་ འོང་འབབ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ད་ ན་ཧིང་ དར་ལ་གློག་མེ་འཕྲུལ་ཁང་ལས་ གློག་ཤུགས་ མེ་ག་ཡུ་ནིཊི་༣༧༤ ཕྱིར་ཚོང་འབད་མི་དེ་གིས་ འོང་འབབ་དངུལ་ཀྲམ་ས་ཡ་༡,༡༠༧ བཟོ་ཚུགས་ནུག།
ད་ལས་ཕར་ གློག་མེ་ལུ་བརྟེན་ རྒྱལ་ཁབ་ཀྱི་ འོང་འབབ་མངམ་བཟོ་ཚུགས་ནིའི་ གོ་སྐབས་ཡོད་མི་དེ་ཡང་ ཧེ་མ་ བཟོ་སྐྲུན་འབད་ཚར་མི་ གློག་མེ་འཕྲུལ་ཁང་ལ་ལོ་ཅིག་གི་ བུ་ལོན་བཏབ་ཚར་ནི་དེ་གིས་ཨིན་པས།
དེ་ཡང་ མོང་སྒར་ཀུར་རི་ཆུ་ གློག་མེ་ལས་འགུལ་གྱི་དོན་ལུ་ རྒྱ་གར་གཞུང་ལས་ བསྐྱིན་འགྲུལ་ལེན་མི་དེ་ དུས་ཅི་ སྤྱི་ཟླ་༡ པའི་ནང་ བསྐྱིན་ཚབ་བཏབ་ཚར་ཡོདཔ་ད་ དར་དཀར་ཆུ་གློག་མེ་ལས་འགུལ་གྱི་ བུ་ལོན་དེ སྤྱི་ལོ་༢༠༡༨ ཟླཝ་༡༢ པའི་ནང་ བཏབ་ཚར་ནི་ཨིན་པས།
ལས་འགུལ་གྱི་དོན་ལུ་ རྒྱ་གར་གཞུང་ལས་ དངུལ་ཀྲམ་ཐེར་འབུམ་༢.༢༤ སྐྱེད་བརྒྱ་ཆ་༡༠.༧༥ སྦེ་ བསྐྱིན་འགྲུལ་ལེན་མི་དེ་ ལོ་༡༠ གྱི་ཤུལ་ལས་ མ་དང་སྐྱེད་སྦྲགས་ཏེ་ དངུལ་ཀྲམ་ཐེར་འབུམ་༤.༦༦ བཏབ་ཡོདཔ་ཨིན་པས།
དེ་ལས་ གློག་ཤུགས་མེ་ག་ཝཱཊ་༡,༠༢༠ འབད་མི་ འཕྲུལ་ཁང་བཟོ་སྐྲུན་གྱི་དོན་ལུ་ བསྐྱིན་འགྲུལ་ལེན་མིའི་ སྐྱིན་ཚབ་དེ་ སྤྱི་ལོ་༢༠༡༨ ལུ་ མཇུག་བསྡུ་ནི་ཨིནམ་ད་ ད་ཚུན་ བཟོ་སྐྲུན་འབད་ཚར་མི་ཚུ་གི་གྲས་ལས་ སྦོམ་ཤོས་ར་ དར་ལ་གློག་མེ་ལས་འགུལ་དེ་ཨིན་པས།
དེ་བཟུམ་སྦེ་ མང་སྡེ་ཆུ་གློག་མེ་ལས་འགུལ་ བཟོ་སྐྲུན་གྱི་ལཱ་དེ་ སང་ཕོད་མཇུག་བསྡུ་བའི་སྐབས་ གློག་ཤུགས་ཕྱིར་ཚོང་འཐབ་ཚུགས་ནི་ཨིནམ་ད་ སྤུ་ན་གཙང་ཆུ་ གློག་མེ་ལས་འགུལ་དང་པ་དང་༢ པའི་ཐད་ལུ་ འོང་འབབ་བཟོ་ནིའི་དོན་ལུ་ དུས་ཚོད་འགོར་ནི་ཨིན་པས།
ག་འཆརཔ་ཟེར་བ་ཅིན་ མེ་ག་ཝཱཊ་༡,༢༠༠ འབད་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ལཱ་དེ་ སྤྱི་ལོ་༢༠༢༡ ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་དང་ མེ་ག་ཝཱཊ་༡,༠༢༠ འབད་མི་ སྤུ་ན་གཙང་ཆུ་ལས་འགུལ་༢ པ་དེ་ སྤྱི་ལོ་༢༠༡༩ ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།