༉ དུས་ཅི་ སྤྱི་ཟླ་༩ པ་ཚུན་ བསྡོམས་ཀྱིས་ལྟ་བཤལཔ་༣༧,༩༩༤ ལྷོད་མི་དེ་གིས་ རྒྱལ་ཁབ་ནང་ འོང་འབབ་ཡུ་ཨེསི་ཌོ་ལར་ས་ཡ་༤༨.༧ བཟོ་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ གནས་སྡུད་དང་འཁྲིལཝ་ད་ ན་ཧིང་གི་ལོ་ནང་ རྒྱལ་སྤྱིའི་ལྟ་བཤལཔ་༧༡,༤༡༧ འོང་མི་དེ་གིས་ འོང་འབབ་ཡུ་ཨེསི་ཌོ་ལར་༧༩ བཟོ་མི་དེ་ སྤྱི་ལོ་༢༠༡༢ ལས་ཚུར་ ལྟ་བཤལཔ་འོང་མི་དང་ འོང་འབབ་མཐོ་ཤོས་བཟོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༧ ལོའི་ འབྲུག་ལྟ་བཤལ་ལྟ་རྟོག་དང་འཁྲིལཝ་ད་ ན་ཧིང་ ལྟ་བཤལཔ་༦༢,༢༧༢ འོང་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ ལོ་དེ་ནང་ ལྟ་བཤལཔ་༢༥༤,༧༠༤ འོང་མི་དེ་ སྤྱི་ལོ་༢༠༡༦ དང་ཕྱདཔ་ད་ བརྒྱ་ཆ་༢༡.༥ གི་ མང་སུ་འོང་ཡོདཔ་ཨིན་པས།
གྱངས་ཁ་དེའི་གྲས་ལས་༡༨༣,༢༨༧ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ལས་ འོང་མི་ཚུ་ཨིན་པའི་ཁར་ རྒྱལ་སྤྱི་ལྟ་བཤལ་འོང་མིའི་བརྒྱ་ཆ་ཡ་སེང་དེ་ བརྒྱ་ཆ་༡༤.༡ ལུང་ཕྱོགས་ལྟ་བཤལ་དེ་ བརྒྱ་ཆ་༢༤.༩ གིས་ ཡར་སེང་སོང་ཡོདཔ་ཨིན་པས།
ལྟ་བཤལ་ལྟ་རྟོག་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་སྤྱི་ལྟ་བཤལ་འོང་མི་ལས་ བརྒྱ་ཆ་༥༤.༧ དེ་ཅིག་ ཨེ་ཤི་ཡ་པེ་སི་ཕིག་རྒྱལ་ཁབ་ཚུ་ལས་ འོང་ཡོདཔ་ད་ བརྒྱ་ཆ་༢༤.༨ ཡུ་རོབ་དང་ བྱང་ཨ་མི་རི་ཀ་ལས་ བརྒྱ་ཆ་༡༨ འོང་ཡོདཔ་ཨིན་པས།
ཐའི་ལེནཌི་དང་ ཇ་པཱན་ དེ་ལས་ རྒྱ་ནག་རྒྱལ་ཁབ་ལས་ བརྒྱ་ཆ་༤༠ དེ་ཅིག་ འོང་ཡོདཔ་ཨིནམ་ད་ ཡུ་ཨེས་ཨེ་དང་ ཨསི་ཊེ་ལི་ཡ་ ཇར་མ་ནི་ ཇ་པཱན་ ཡུ་ཀེ་ སིངྒ་པུར་ རྒྱ་ནག་དང་ཐའི་ལེནཌི་རྒྱལ་ཁབ་ཚུ་ལས་འོང་མི་དེ་ འདས་པའི་ལོ་ངོ་བཅུ་ཕྲག་ནང་ མཐོ་ཤོས་བཅུ་ཐམ་ནང་ ཚུད་དེ་ཡོདཔ་ཨིན་པས།
ལྟ་བཤལཔ་འོང་མིའི་ གནད་དོན་ཚུ་ཡང་ གཙོ་བོ་ར་ སྤ་རོ་དང་ ཐིམ་ཕུག་ཚེས་བཅུ་ མཇལ་བར་འོང་མི་ཚུ་ཡོད་པའི་ཁར་ སྤྱི་ལོ་༢༠༡༧ ལོ་ནང་ རྒྱལ་སྤྱི་ལྟ་བཤལཔ་འོང་མི་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༧༩.༨༠༧ འོང་འབབ་བཟོ་མི་ལས་ ཡུ་ཨེསི་ཌོ་ལར་ས་ཡ་༢༢.༣༦༡ ཡུན་བརྟན་གོང་འཕེལ་འཐུས་སྦེ་ གཞུང་ལུ་ཐད་ཁར་འོང་འབབ་ནང་འགྱོ་ཡོདཔ་ད་ ལྷག་ལུས་ཡུ་ཨེསི་ཌི་ས་ཡ་༥༣.༤ དེ་ ལྟ་བཤལ་ལས་སྡེ་ཚུ་གི་འོང་འབབ་ཨིན་པས།
སྲིད་དོན་ཚོགས་པ་ག་ར་གིས་ ལྟ་བཤལ་ལས་སྡེ་དེ་ སྐུལ་བསྒྲགས་ནང་ གཙོ་རིམ་ཅིག་སྦེ་ ངོས་འཛིན་འབད་དེ་ཡོད་པའི་ཁར་ གཞུང་གིས་ཡང་ སྤྱི་ལོ་༢༠༡༧ ལོ་མཇུག་བསྡུ་ཁམས་ལུ་ ལྟ་བཤལ་ཁྲལ་གོང་ཡངས་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་གིས་ ཤར་ཕྱོགས་རྫོང་ཁག་དྲུག་ནང་ འགྱོ་འདོད་ཡོད་མི་ ལྟ་བཤལཔ་ཚུ་ལུ་ ཉིན་བསྟར་གྱི་འཐུས་ ཡུ་ཨེསི་ཌོ་ལར་༦༥ རེ་ཕོག་མི་དེ་ དགོངས་ཡངས་བཏང་ཡོདཔ་ཨིན་པས།
ཨིན་རུང་ རྒྱལ་སྤྱི་ལྟ་བཤལ་འོང་མི་ལས་ བརྒྱ་ཆ་༣ རྐྱངམ་གཅིག་གིས་ ཤར་ཕྱོགས་རྫོང་ཁག་༥ ནང་ སོང་ཡོདཔ་ལས་ གོང་ཡངས་དེ་གིས་ ཁྱད་པར་དེ་ཅིག་ བཟོ་མ་ཚུགསཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ རྒྱལ་སྤྱི་དང་ ལུང་ཕྱོགས་ལས་འོང་མི་ ལྟ་བཤལ་མང་ཤོས་ཀྱིས་ སྤྲོ་བ་དང་བརྡ་དོན་ ཚོང་འབྲེལ་ དེ་ལས་ འཐུང་རིགས་ཀྱི་དོན་ལུ་ ཟད་འགྲོ་མང་སུ་བཏང་ཡོདཔ་ཨིན་པས།
ལུང་ཕྱོགས་ཀྱི་ ལྟ་བཤལཔ་བཅུ་ཕྲག་༢ དེ་ཅིག་གིས་ སྤྱིར་སྙོམས་ལུ་ དངུལ་ཀྲམ་༥,༠༠༠ ཟད་འགྲོ་བཏང་ཡོད་པའི་ཁར་ ལྷག་ལུས་བརྒྱ་ཆ་༨༥.༣ གྱིས་ དངུལ་ཀྲམ་༥༠༠༠ ལས་ལྷགཔ་སྦེ་ ཟད་འགྲོ་བཏང་ཡོདཔ་ ཨིན་པའི་གནས་ཚུལ།
བཀྲིས་བསྟན་འཛིན།