ན་ཧིང་གི་ལོ་ནང་ བཞེས་སྒོའི་རྫས་སྦྱོར་དང་ ཨ་ལཱན་ཅི་ ཕྱིར་ཚོང་མང་སུ་འཐབ་ཡོདཔ།

༉ སྤྱི་ལོ་༢༠༡༧ ལུ་ འབྲུག་གིས་ དངུལ་ཀྲམ་ས་ཡ་༡,༤༡༤ གནས་པའི་ བཞེས་སྒོའི་རྫས་སྦྱོར་གྱི་རིགས་ཚུ་ ཕྱིར་ཚོང་འཐབ་ཡོདཔ་མ་ཚད་ དངུལ་ཀྲམ་ས་ཡ་༦༩༢.༥ གནས་པའི་ དངུལ་ཐོག་ཨ་ལཱན་ཅི་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།
དེ་ལས་ དངུལ་ཀྲམ་ས་ཡ་༥༤༨.༥ གནས་པའི་ ཤིང་འབྲས་དང་ དངུལ་ཀྲམ་ས་ཡ་༥༤༥.༠༥ གནས་པའི་ ཚོད་བསྲེའི་རིགས་ཚུ་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།
ཕྱིར་ཚོང་མང་ཤོས་ར་ རྒྱ་གར་དང་ བང་ལ་དེཤ་ལུ་ འཐབ་ཡོདཔ་ད་ ནགས་ཚལ་གྱི་ཐོན་སྐྱེད་མེན་པའི་རིགས་ཚུ་གིས་ཡང་ སྤྱི་ལོ་༢༠༡༧ ལུ་ འོང་འབབ་བཟོ་ནི་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
ནང་འདྲེན་ཐད་ཁར་ལྷོདཔ་ད་ ཆུམ་ནང་འདྲེན་དེ་ རྒྱ་ཆེ་དྲགས་འབད་ཡོད་པའི་ཁར་ ལོ་དེ་ནང་ དངུལ་ཀྲམ་ས་ཡ་༡༩༧༩.༧༥ གནས་པའི་ ཆུམ་ནང་འདྲེན་འབད་ཡོདཔ་ད་ ཚོ་ཏོ་མར་ཁུ་དང་ ཨོ་ཆས་ཀྱི་ཐོན་སྐྱེད་ དེ་ལས་ ཚོད་བསྲེ་ཚུ་ཡང་ ནང་འདྲེན་འབད་ཡོདཔ་བཞིན་དུ་ ཤིང་འབྲས་དང་ རྡོག་མ་ཡང་ ཕྱིར་ཚོང་འཐབ་ཡོདཔ་ཨིན་པས།
སོ་ནམ་ཐོན་སྐྱེད་ཚུ་ ཚོང་བསྒྱུར་འཐབ་ནིའི་ནང་ སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེའི་ ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ འབད་དོ་ཡོདཔ་ཨིན་པས།
ལས་ཁུངས་དེ་གིས་ ཐོན་སྐྱེད་ཕྱིར་ཚོང་དང་ ཚོང་འབྲེལ་འཐབ་ནི་ དེ་ལས་ གོང་འཕེལ་དང་མཉམ་ལས་ཚོགས་སྡེ་ཚུ་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
ལས་ཁུངས་དེ་གིས་ ཚོང་འབྲེལ་འཇོན་ཐངས་ཅན་དང་ དོན་སྨིན་ཅན་སྦེ་ འགོ་འདྲེན་འཐབ་ནིའི་ནང་ བཙོན་ཤུགས་བསྐྱེད་དོ་ཡོདཔ་ད་ ནང་འཁོད་ལས་ཐོན་མི་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ནིའི་ནང་ ཤུགས་བཏོན་དོ་ཡོདཔ་ཨིན་པས།
ལས་ཁུངས་ཀྱིས་ སྤྱིར་བཏང་འབྲུག་པའི་སོ་ནམ་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་པའི་སྐབས་ གྲོགས་རམ་འབད་ནིའི་དོན་ལུ་ བང་ལ་དེཤ་གི་རྒྱལ་ས་ལྟེ་བ་ ཌ་ཀ་དང་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོད་མི་ གཞུང་ཚབ་ཡིག་ཚང་ནང་ ཚོང་འབྲེལ་གྱི་དོན་ལུ་ ལས་བྱེདཔ་ཚུ་ བཞག་སྟེ་ཡོདཔ་ཨིན་པས།
འཆར་གཞི་༡༡ པ་དང་འཁྲིལ་ རྒེད་འོག་རེ་ནང་ སོ་ནམ་ཚོང་ཁང་རེ་ གཞི་བཙུགས་འབད་ནིའི་ འཆར་གཞི་ཡོད་མི་དང་འཁྲིལ་ ལས་ཁུངས་ཀྱིས་ སྤྱི་ལོ་༢༠༡༧ དང་༢༠༡༨ ཀྱི་བར་ན་ སོ་ནམ་ཚོང་ཁང་༥༢ གཞི་བཙུགས་འབད་ཡོདཔ་ཨིན་པས།
ཨིན་རུང་ ན་ཧིང་གི་ལོ་ནང་ བར་མཚམས་བསྐྱར་ཞིབ་སྙན་ཞུ་འབད་བའི་སྐབས་ སོ་ནམ་ཚོང་ཁང་༡༤ རྒེད་འོག་ཚུ་ལས་ མ་དགོ་པའི་ གྲོས་འདེབས་འབད་མི་དང་འཁྲིལ་ དམིགས་གཏད་ནང་ལས་ ཕྱིར་བཏོན་འབད་ཡོདཔ་ད་ དངུལ་ཀྲམ་ས་ཡ་༣༢.༡༠༦ བཏང་ཐོག་ལས་ སོ་ནམ་ཚོང་ཁང་༤༠ གཞི་བཙུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ལས་ཁུངས་ཀྱིས་ སོ་ནམ་ཚོང་ཁང་ག་ར་ནང་ དངུལ་ཀྲམ་ས་ཡ་༢༣.༡༩༣ གནས་པའི་ གཞི་རྟེན་མཐུན་རྐྱེན་དང་ ཁྱེགས་སྒྲོམ་ ལྗིད་ཚད་འཇལ་མི་འཕྲུལ་ཆས་ དེ་ལས་ སྒམ་བཟོ་ནིའི་འཕྲུལ་ཆས་ལ་སོགས་པ་ཚུ་ བཙུགས་ཡོདཔ་ཨིན་པས།
སོ་ནམ་ཚོང་ཁང་གིས་མ་ཚད་ སོ་ནམ་པ་ཚུ་གི་མཐའ་དོན་ལུ་ རྩི་མ་གཤམ་དང་ ཆུ་ཁ་སྒང་ལ་ཁའི་འཁོར་ལམ་བདའ་སྟེ་ སོ་ནམ་ཐོན་སྐྱེད་བཙོང་ས་དང་ མོང་སྒར་ལུ་འབད་བ་ཅིན་ སྒོ་ནོར་ཐོན་སྐྱེད་བཙོང་ས་དང་ གཞི་རྟེན་ཐོན་སྐྱེད་འཕྲུལ་ཁང་ཚུ་ཡང་ བཙུགས་བྱིན་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་གི་ཐོན་སྐྱེད་ཚུ་ ཡར་དྲག་གཏང་ཐབས་ལུ་ སྤྱི་ལོ་༢༠༡༤ ལས་འགོ་བཙུགས་ ས་ཁོངས་ངོས་འཛིན་འབད་མི་ཚུ་ནང་ ཚོང་ཁང་ཚུ་ བཙུགས་ཡོད་པའི་ཁར་ ཚོང་ཁང་ཚུ་ལུ་བརྟེན་ སོ་ནམ་པའི་སྡེ་ཚན་ཚུ་གིས་ ཐོན་སྐྱེད་ཚུ་བཙོང་ནིའི་དོན་ལུ་ ཁེ་ཕན་འབྱུང་ཚུགས་ནི་ཨིན་པས།
ལས་ཁུངས་ཀྱིས་ འབྲུག་བཟའ་སྤྱོད་ལས་འཛིན་དང་གཅིག་ཁར་ རྒྱ་གར་གྱི་ ཉེ་འདབས་མངའ་སྡེ་ཚུ་ནང་ལས་ཕར་ ཚོང་འབྲེལ་གྱི་ གོ་སྐབས་ཚུ་ལྟ་བའི་སྐབས་ ཀུ་མ་རི་ཀ་ཊ་དང་ རང་གི་ཡ་ དེ་ལས་ ཏ་མཱ་པུར་གྱི་ས་ཁོངས་ཚུ་ནང་ འབྲུག་པའི་ཚོང་འབྲེལ་འཐབ་ནིའི་དོན་ལུ་ འོས་འབབ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ལས་ཁུངས་དང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ ཞིབ་འཚོལ་འབད་བའི་སྐབས་ རིན་བསྡུར་འབད་བའི་ཤུལ་ལས་ འབྲུག་པའི་ཀེ་བ་ཚུ་ ནེ་པཱལ་ལུ་ བཙོང་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་འབདཝ་ལས་ འབྲུག་པའི་ཕྱིར་ཚོང་མཐུན་ཚོགས་ཀྱིས་ ནེ་པཱལ་ལས་ ཕྱིར་ཚོང་འབད་ནིའི་ དང་འདོད་ཡོད་མི་ཚུ་གིས་ གྲོས་བསྟུན་འབད་བར་འབོ་དགོ་པའི་ གྲོས་འདེབས་འབད་ཡོདཔ་ཨིན་པས།
ཞིབ་འཚོལ་འབད་བའི་སྐབས་ བང་ལ་དེཤ་གི་ ཕྱིར་ཚོང་འཐབ་མི་ཚུ་གིས་ འབྲུག་ལས་ ཨ་ལཱན་ཅི་ཉོ་ནིའི་ དང་འདོད་ཡོདཔ་སྦེ་ མཐོང་ཡོདཔ་ད་ ཀཱོལ་ཀ་ཊ་ལུ་ཡོད་མི་ བར་ཚོང་འཐབ་མི་ པེ་རེམ་ཅཱནཌ་ མོ་ཊ་གིས་ འབྲུག་ལས་ ས་སྒ་དང་ ཡོང་ལྒ་ཚུ་ མངམ་སྦེ་ཉོ་ནིའི་ དང་འདོད་ཡོདཔ་མཐོང་ནུག།
ཨིན་རུང་ འབྲུག་གི་ཐོན་སྐྱེད་ཀྱི་དཔེ་ཚད་བཏང་མི་དེ་ ཁོང་ལུ་དགོ་པའི་ སྤུས་ཚད་ཀྱི་གནས་ཚད་ནང་ མིན་འདུག་ཟེར་ ལེན་མི་བཏུབ་དོ་ཡོདཔ་པས།
ལས་ཁུངས་ཀྱི་ སོ་ནམ་ཚོང་ཁང་ལ་སོགས་པ་ གཞི་བཙུགས་འབད་མི་དེ་གིས་ མི་༡༦༡ ལུ་ ལཱ་གཡོག་གི་གོ་སྐབས་ བཟོ་ཡོད་པའི་ཁར་ ལས་ཁུངས་ཀྱིས་ སོ་ནམ་པ་ཚུ་ལས་ ལོག་ཉོ་ནི་ཟེར་བའི་ ལས་རིམ་ཐོག་ལས་ ཐོན་སྐྱེད་ཚུ་ཉོ་བའི་སྐབས་ གེ་ཟ་དེ་ མཐོ་ཤོས་ཉོ་ཡོདཔ་ཨིན་པས།
འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ དངུལ་ཀྲམ་ས་ཡ་༠.༢༡༤ གནས་པའི་ ཐོན་སྐྱེད་ཚུ་ སོ་ནམ་པ་ཚུ་ལས་ཉོ་སྟེ་ གཞན་ཁར་བཙོང་ཡོདཔ་ཨིན་པས།
མཁོ་འདོད་བཀོད་མི་དང་འཁྲིལ་ ཐོན་སྐྱེད་ཚུ་ ཟ་ཁང་སྦོམ་དང་ སྐྱིད་གནས་ཁང་ཚུ་ནང་ལས་ཕར་ཡང་ ཚོང་འབྲེལ་གྱི་མཐུན་ལམ་བཟོ་སྟེ་ འོང་འབབ་དངུལ་ཀྲམ་ས་ཡ་༢༡༠.༨ དེ་ཅིག་ བཟོ་ཡོད་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཕྱི་རྒྱལ་ལུ་འགྱོ་མི་ འབྲུག་མི་ཚུ་ལུ་ གཞུང་གིས་ གྲོགས་རམ་འབད་ནི་མ་གཏོགས་ བཀག་འཛིན་མེདཔ།

༉ འབྲུག་མི་བརྒྱ་ཕྲག་ལས་བཅད་མི་ཚུ་གིས་ ཕྱིའི་རྒྱལ་ཁབ་ཚུ་ནང་ ལཱ་འབད་ནི་དང་འབྲེལ་ དཔེ་ཆ་ལྷབ་པར་འགྱོ་མི་དེ་ ནད་ཡམས་ཀོ་བིཌ་-༡༩ ལྷོད་ཡངས་བཏང་པའི་ཤུལ་ལས་ མང་སུ་ཐོན་དོ་ཡོདཔ་ད་ ལ་ལོ་ཅིག་གིས་ རྒྱལ་ཁབ་ནང་ ཞི་བའི་ཞབས་ཏོག་ཞུ་མི་ སྤུས་ཚད་ཅན་གྱི་མི་ཚུ་ བྱང་དོ་ཡོད་པའི་ཚ་གྱང་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་པས། ལ་ལོ་ཅིག་གིས་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *