ན་ཆུང་བུམོ་ཚུ་ལུ་ གནོད་འཚེ་འབད་བ་ཅིན་ བཟོད་བསྲན་མེད་པའི་ཉེས་ཁྲིམས།

༉ འཕྲལ་ཁམས་ཅིག་ཁར་ སློབ་གྲྭའི་སློབ་དཔོན་དག་པ་ཅིག་དང་ སྨན་ཁང་གི་ འཕྲུལ་ལསཔ་ཅིག་གིས་ བྱ་ངན་འཐབ་མི་ལུ་བརྟེན་ རྒྱལ་ཡོངས་ལུ་ ཁོང་ཁྲོ་དང་ རྣམ་རྟོག་ལང་དགོཔ་ བྱུང་ཡོདཔ་བཞིན་དུ་ ལ་ལོ་གིས་ མི་སྡེ་བརྡ་བརྒྱུད་ནང་ལས་ཕར་ འདི་བཟུམ་མའི་ མི་ཚུ་ལུ་ ཉེས་ཁྲིམས་སྲོག་ཐོག་ལུ་ བཀལ་དགོ་པའི་ བསམ་འཆར་འདྲ་མིན་སྣ་ཚོགས་བཀོད་དེ་འདུག།
མི་མང་ལུ་ ཁོང་ཁྲོ་ལང་དགོ་མི་དེ་ཡང་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ལུ་ ཤེས་རིག་ཡོན་ཏན་ལེགས་ཤོམ་འཐོབ་ནིའི་དོན་ལུ་ སློབ་གྲྭའི་སློབ་དཔོན་ཚུ་ལུ་ བློ་ཧྲིལ་བུ་གཏད་དེ་ བཅོལ་བཞག་པའི་མཐའ་མར་ བློ་བྱག་ཕུག་ལུ་གཏད། །བྱག་ཕུག་སྟོངམ། །བློ་གཏད་པའི་མི་གིས་ཧིང་བརྐུ། །ཟེར་ དཔྱེ་གཏམ་སླབ་སྲོལ་ཡོདཔ་བཟུམ་སྦེ་ སློབ་དཔོན་ལ་ལོ་གིས་ རང་གི་གཅེས་གཅེས་ཕངས་ཕངས་ཀྱི་ བུ་གཞི་དང་དབྱེ་བ་མེད་པའི་ སློབ་ཕྲུག་བུམོ་ཚུ་ འདོད་དབང་བཙོང་སྟེ་ བཀོལ་སྤྱོད་འབད་མི་ལུ་བརྟེན་ཨིན་མས།
དཔེར་ན་ ཐིམ་ཕུག་སྦྱིས་མེད་ནང་ སྒེར་གྱི་ཕན་བདེ་སློབ་གྲྭའི་ དབུ་འཛིན་འོག་མ་གིས་ སྐྱེས་ལོ་༡༡ ལས་༡༥ འི་བར་ན་འབད་མི་ སློབ་ཕྲུག་བུམོ་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་སྐོར་ བརྡ་བརྒྱུད་ནང་ གནས་ཚུལ་ཐོན་ཞིནམ་ལས་ཚུར་ མི་མང་གིས་ སློབ་དཔོན་༡ དང་༢ ཀྱི་ཞོར་ལས་ སྤྱིར་བཏང་སློབ་དཔོན་ཚུ་ལུ་ བརྙས་བཅོས་དང་ དམའ་ཕབ་རྐྱབ་ནི་ འགོ་བཙུགས་པའི་ གནད་དོན་ཚུ་ཐོན་ཡི།
བྱུང་རྐྱེན་དེ་གི་ཤུལ་ལས་ སྤྱི་ཟླ་༤ པའི་ཚེས་༡༥ འི་དྲོ་པར་ ཕུན་ཚོགས་གླིང་ལུ་ ཟ་ཁང་ཅིག་གི་ སྒོ་ཅུང་ནང་ལས་ ཨ་ལོ་གསར་སྐྱེས་ཅིག་ བཀོག་བཏང་པའི་ འབྲེལ་གནད་ནང་ སློབ་གྲྭའི་དབུ་འཛིན་དང་ སློབ་དཔོན་ཅིག་ གྲལ་གཏོགས་ཡོད་པའི་ མངོན་གསལ་བྱུངམ་ད་ ལྷག་པར་དུ་ དགའ་སྐྱིད་ཀྱི་ངང་ལུ་གནས་མི་ རྒྱལ་ཁབ་དང་ མི་སེར་ལུ་ རྣམ་རྟོག་ལང་དགོཔ་བྱུང་ནུག།
མ་གཞི་ སྦྱིས་མེད་ནང་གི་ བྱུང་རྐྱེན་དང་ ཨ་ལོ་གསར་སྐྱེས་བཀོག་བཏང་པའི་ རྩོད་དོན་ནང་ གྲལ་གཏོགས་ཡོད་མི་ སློབ་དཔོན་གསུམ་ཆ་ར་ འཛིན་བཟུང་འབད་ཡོད་རུང་ སློབ་དཔོན་རེ་གཉིས་ཀྱི་ཞོར་ལས་ སློབ་གྲྭའི་མིང་གཏམ་ མེདཔ་བཏང་ཡོདཔ་མ་ཚད་ སྤྱིར་བཏང་སློབ་དཔོན་ཚུ་ལུ་ཡང་ སྐྱོན་བརྗོད་དང་ བརྙས་བཅོས་འབད་བའི་ གཞི་གནད་ཅིག་ལུ་ གྱུར་ཏེ་འདུག།
འདི་འབདཝ་ལས་ གཞུང་སྐྱོང་གིས་ སློབ་ཕྲུག་བུམོ་༩ ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ བྱུང་རྐྱེན་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ ནད་གཡོག་རྒྱུག་མི་ ཨམ་སྲུ་ཅིག་ལུ་ དྲན་ཉམས་སྨན་ཁབ་བཙུགས་ཏེ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ལུ་བརྟེན་ འཛིན་བཟུང་འབད་མི་ སློབ་གྲྭའི་དབུ་འཛིན་ཅིག་དང་ དྲན་ཉམས་སྨན་ལག་ལེན་འཐབ་མི་ གསོ་བའི་འཕྲུལ་ལསཔ་ཅིག་གི་ བྱ་སྤྱོད་ལུ་ དམའ་ཕབ་རྐྱབ་ཡོདཔ་མ་ཚད་ རྩོད་དཔོན་ཡོངས་ཁྱབ་ལུ་ རྩོད་དོན་གཉིས་ཆ་ར་ ཞིབ་དཔྱད་མཐིལ་ཕྱིན་ཐོག་ ཉེས་བཤེར་འབད་ཞིནམ་ལས་ ཉེས་ཁྲིམས་ལྕི་ཤོས་བཀལ་དགོ་པའི་ བཀའ་རྒྱ་གནང་ནུག།
དབང་བཙོང་འདོད་སྤྱོད་དང་ ལུས་འབྲེལ་ལུ་བརྟེན་པའི་ གནོད་འཚེ་དང་ དམིགས་བསལ་དུ་ ཨ་ལོ་དང་ ལོ་ན་མ་སྨིན་པའི་ བུམོ་ཚུ་ལུ་ འདོད་དབང་བཙོང་མི་དང་ འདོད་ཆགས་ཀྱི་སྒོ་ལས་ གནོད་འཚེ་འབད་བའི་ ཉེས་ཁྲིམས་ཕོག་མི་ མི་དེ་ལུ་ ལཱ་ག་ཅི་ནང་ཨིན་རུང་ ཁོ་རའི་མི་ཚེ་ནང་ ཉེན་སྲུང་ཉོགས་མེད་ལག་ཁྱེར་ བྱིན་ནི་མི་འོང་ཟེར་ བློན་ཆེན་གྱིས་ གསུངས་མི་ལུ་ གནད་ཁུངས་ཡོད་མི་དེ་ཡང་ སྦྱིས་མེད་ནང་སློབ་གྲྭའི་ དབུ་འཛིན་འོག་མ་གིས་ ལོ་ངོ་༩ དེ་ཅིག་གི་ཧེ་མར་ བཀྲིས་སྒང་ལུ་ ལོ་ན་མ་སྨིན་པའི་ བུམོ་ཅིག་དང་ ལུས་འབྲེལ་འབད་བའི་ བཙོན་ཁྲིམས་ལོ་༥ ཕོག་པའི་ཤུལ་ལས་ ཁོ་ལུ་ ལཱ་གཡོག་མ་བྱིན་པ་ཅིན་ ད་རིས་ སློབ་གྲྭ་དེ་ནང་ འདི་བཟུམ་མའི་ བྱུང་རྐྱེན་ཐོན་དགོཔ་
འདི་འབདཝ་ལས་ བློན་ཆེན་གྱིས་ ཉེས་ལས་འཐབ་མི་ཚུ་ལུ་ གཞུང་དང་ ལས་འཛིན་ སྒེར་སྡེ་ག་ཅི་ནང་འབད་རུང་ ཨ་ལོ་ཚུ་དང་ འབྲེལ་བའི་ ལཱ་གཡོག་ཚུ་ནང་ ཉེན་སྲུང་ཉོགས་མེད་ལག་ཁྱེར་དེ་ མི་ཚེའི་རིང་ བྱིན་ནི་མེདཔ་ བཟོ་དགོ་པའི་ གྲོས་འདེབས་བཀོད་མི་ལུ་ འོས་ཁུངས་སྦོམ་འདུག།
འདི་བཟུམ་མའི་ བྱ་ངན་འཐབ་མི་ཚུ་ལུ་ ཉེས་ཁྲིམས་ལྕི་ཤོས་བཀལ་ཏེ་ ཤུལ་ལས་ ལཱ་གཡོག་ག་ཅི་ཡང་ ཐོབ་མ་ཚུགསཔ་བཟོ་བ་ཅིན་ ཁྲིམས་འགལ་གྱི་ ལཱ་བྱ་འཐབ་ནི་ཚུ་ རང་བཞིན་གྱིས་ར་ མར་འབབ་འགྱོ་འོང་ཟེར་ ཞུ་ནི་ཨིན།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *