ན་ཆུང་ཅིག་ལུ་ དབང་བཙོང་འབད་མི་ ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

༉ དགེ་ལེགས་ཕུག་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༡༡ པའི་ཚེས་༣ ལུ་ གསར་སྤང་གི་ས་གནས་ གོང་སེ་ཁར་ལས་ སོ་ནམ་པ་ཅིག་གིས་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་ལུ་ དབང་བཙོང་འབད་བའི་ དོགས་པ་ལུ་བརྟེན་ འཛིན་བཟུང་འབད་ཡོདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ འགོ་དང་པ་ར་ བུམོ་དེ་གི་ཕམ་གིས་ སློབ་གྲྭ་ཆུང་བའི་ སློབ་དཔོན་ལུ་ སྤྱི་ཟླ་༡༡ པའི་ཚེས་༡ ལུ་ སྙན་ཞུ་འབད་བའི་ཤུལ་ལས་ གཞི་རྟེན་གསོ་བའི་སྨན་ཁང་གི་ གསོ་བའི་ལས་རོགསཔ་དང་ ཕྱད་བཅུག་ཡོདཔ་ཨིན་པས།
སྐྱེས་ལོ་༡༣ ལང་མི་བུམོ་དེ་ སྤྱི་ཟླ་༡༠ པའི་ཚེས་༢༨ ལུ་ ངལ་གསོ་ལུ་འོང་སྟེ་ ཉེས་འཛུགས་ཅན་གྱི་ཁྱིམ་ནང་ ལོག་འགྱོ་མ་བཏུབ་པའི་ཤུལ་ལས་ ཤེས་ཡོདཔ་ཨིན་པས།
བུམོ་དང་མོ་རའི་ནུ་གཅུང་༢ དུས་ཅི་སྤྱི་ཟླ་༡ པ་ལས་ འགོ་བཙུགས་ཏེ་ སློབ་གྲྭ་ནང་ འགྱོ་ནིའི་དོན་ལུ་ ཕམ་༢ ཀྱིས་ དོགས་པ་ཅན་གྱི་ཁྱིམ་ནང་ བཞག་ཡོདཔ་ད་ ཁོང་གི་ཁྱིམ་ནང་ལས་ སློབ་གྲྭ་ཚུན་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ འགོར་དོ་ཡོདཔ་ཨིན་རུང་ དོགས་ཅན་གྱི་ ཁྱིམ་ནང་ལས་འགྱོཝ་ད་ དུས་ཡུན་སྐར་མ་༣༠ དེ་ཅིག་ལས་ མི་འགོར་དོ་ཡོདཔ་ཨིན་པས།
དེ་ཚེ་ བུམོ་དེ་གིས་ ཉེས་འཛུགས་ཅན་གྱིས་ མོ་གི་གཟུགས་ཁར་ དཀྲོག་དོ་ཡོད་པའི་སྐོར་ལས་ སླབ་ཡོད་རུང་ ཕམ་གིས་ ཨུ་ཚུགས་བསྐྱེད་དེ་ སྤྱི་ཟླ་༡༠ པའི་ཚེས་༢༩ ལུ་ སློབ་གྲྭ་ནང་བཏང་སྟེ་ ཆ་རོགས་ཀྱི་ཁྱིམ་ནང་ ཞག་སྡོད་ཡོདཔ་ཨིན་པས།
སྤྱི་ཟླ་༡༠ པའི་ཚེས་༣༠ ལུ་ ཕམ་༢ ཀྱིས་ ཨ་ལོ་༣ ཆ་ར་ ལྷ་བབས་དུས་ཆེན་གྱི་ ངལ་གསོ་ཉིནམ་༢ ཁྱིམ་ནང་ལོག་འཁྱིད་འོང་སྟེ་ དྲི་བའི་སྐབས་ བུམོ་དེ་གིས་ མོ་ལུ་ དབང་བཙོང་ཐོག་ལས་ ཐེངས་༢ ལུས་འབྲེལ་འབད་ཡོད་པའི་སྐོར་ལས་ སླབ་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ བུམོ་དེ་ལུ་ ཁོ་གིས་ དཔེ་ཆ་སྟོན་ནིའི་ནང་ ཆ་རོགས་འབད་ནི་ཟེར་སླབ་སྟེ་ མོ་སྡོད་སར་འོང་སྟེ་ ལགཔ་གིས་ག་ལྷོད་ས་ དཀྲོག་ནི་ཡོད་ཟེར་ ཉམས་རྒུདཔ་བུམོ་དེ་གིས་ སླབ་ཡོདཔ་ཨིན་པས།
ཨ་པ་གིས་ སླབ་མིའི་ནང་ ཉེས་འཛུགས་ཅན་དེ་ ཐག་རིང་གི་ ངོ་ཤེས་མི་ཅིག་འབདཝ་ལས་ བློ་གཏད་དེ་ ཁྱིམ་ནང་བཞག་ཅི་ཟེར་ཨིནམ་ད་ བུམོ་དེ་གིས་ གསོ་བའི་ལས་རོགསཔ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ དབང་བཙོང་ལུས་འབྲེལ་དེ་ཡང་ སྤྱི་ཟླ་༩ པའི་ཚེས་༡༥ དང་༢༢ ལུ་ འབད་ཡི་ཟེར་ཨིན་པས།
བྱ་ངན་ཐེངས་༢ ཆ་ར་ མོ་ར་ སློབ་གྲྭ་ནང་ལས་ ལོག་ཁྱིམ་ནང་ལྷོདཔ་ད་ ཉེས་འཛུགས་ཅན་གྱིས་ ཨ་ལཱན་ཅི་ཞིང་ནང་ ལཱ་རོགས་འབད་བར་ཤོག་ཟེར་སླབ་སྟེ་འགྱོཝ་ད་ ངང་ལག་ཤིང་གི་ ཉེ་འདབས་ལུ་ དབང་བཙོང་འབད་དེ་ ག་ལུ་ཡང་ མ་སླབ་ཟེར་ ཉེན་བརྡ་བྱིན་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ ཚར་གཅིག་ བུམོ་དེ་ལུ་ དངུལ་ཀྲམ་༡༠ བྱིན་ནུག་ཟེར་ ཨ་པ་གིས་ བཤད་པའི་ཁར་ བྱ་ངན་གྱི་ཤུལ་ལས་ སེམས་དཀྲོགས་ཡོད་རུང་ བུམོ་དེ་ ད་རེས་ནངས་པར་ སློབ་གྲྭ་ནང་ དུས་རྒྱུན་དུ་ འགྱོ་ནི་ཡོད་ཟེར་ཨིན་པས།
སློབ་གྲྭ་དེ་ དུས་ཡུན་ཆུ་ཚོད་༢ དེ་ཅིག་ ལམ་འགྱོ་དགོཔ་ལས་ ཨ་ལོ་ཚུ་གིས་ དྲོ་པ་ཆུ་ཚོད་༦ དེ་ཅིག་ལས་ ལམ་འགྱོ་ནི་འགོ་བཙུགསཔ་ཨིན་ཟེར་ ཨ་པ་གིས་ བཤད་ཨིན་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *